༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། རིས་མེད་བགྲོ་གླེང་འདི་ཡང་རྩ་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༡ ལོར་ཆོས་ཚོགས་ཐེངས་ ༡༡ ཐོག་བཀའ་སློབ་ཕེབས་དོན་བཞིན་ཕྱི་ལོ་༢༠༡༣ ལོར་བཤད་སྒྲུབ་བསྟན་པ་གོང་སྤེལ་ལྷན་ཚོགས་སྐབས་གྲོས་ཆོད་དུ་བཞག ཕྱི་ལོ་ ༢༠༡༥ ལོར་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཆོས་བརྒྱུད་སོ་སོའི་དབར་ཁ་ཞེ་གཉིས་མེད་ཀྱིས་མཐུན་བསྒྲིལ་དམ་ཚིག་འོ་ཆུ་གཅིག་འདྲེས་ཐོག་ཐུགས་མཐུན་ཁྲིམས་གཙང་ཕན་ཚུན་ངོ་སྤྲོད་རྒྱུད་ཤེས་ཡོང་བ་དང་། ཆོས་སྡེ་ཁག་ཏུ་སློབ་གཉེར་གོང་འཕེལ་ཡོང་བ་སོགས། དམིགས་ཡུལ་དུ་བཟུང་ནས་༸རྒྱལ་བའི་དགོངས་གཞི་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་འགན་གཙོ་བཞེས་ཀྱིས་རིས་མེད་བགྲོ་གླེང་ཐེངས་དང་པོ་དེ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཚོགས་པ་དང་། ཐེངས་གཉིས་པ་དེ་ཕྱི་ལོ་ ༢༠༡༦ ལོར་བཀའ་བརྒྱུད་གདན་ས་དཔལ་སྤུངས་ཤེས་རབ་གླིང་དུ་ཚོགས། དེ་བཞིན་ཐེངས་གསུམ་པ་དེ་ཕྱི་ལོ་ ༢༠༡༨ ལོར་དཔལ་ལྡན་ས་སྐྱའི་མཐོ་སློབ་ཏུ་ཚོགས་ཡོད་ལ། ཐེངས་བཞི་པ་དེ་ཕྱི་ལོ་ ༢༠༡༩ ལོར་གཡུང་དྲུང་བོན་གྱི་གདན་ས་དཔལ་གཤེན་བསྟེན་སྨན་རི་གླིང་དུ་ཚོགས་ཡོད། རིས་མེད་བགྲོ་གླེང་ཐེངས་བཞི་ཚོགས་ཐུབ་པ་དེ་ཡང་ཚོགས་ཡུལ་དགོན་པ་སོ་སོ་ནས་མཐུན་འགྱུར་རམ་འདེགས་གང་ལེགས་གནང་བ་ལ་བརྟེན་ནས་བྱུང་ཡོད།རིས་མེད་བགྲོ་གླེང་ཐེངས་ལྔ་པ་འདི་ཕྱི་ལོ་ ༢༠༢༠ ལོར་སྔ་འགྱུར་རྙིང་མའི་གདན་ས་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་ཇི་ལྟར་རེ་བསྐུལ་ཞུས་པ་བཞིན་ཞལ་བཞེས་གནང་ཡོད་ནའང་། ཏོག་དབྱིབས་ནད་ཡམས་རྐྱེན་པས་ལོ་གཉིས་རིང་འཚོགས་ཐུབ་མེད། ནད་ཡམས་ཀྱི་གནས་སྟངས་དྲག་སྐྱེད་དུ་ཕྱིན་རྗེས་ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༡༦ ནས་་༡༩ བར་རིས་མེད་བགྲོ་གླེང་ཐེངས་ལྔ་པ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་ཚོགས་ཐུབ་པ་བྱུང་ཡོད།བགྲོ་གླེང་གི་དབུ་འབྱེད་མཛད་སྒོར་དམིགས་བསལ་སྐུ་མགྲོན་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་དབུ་འཛིན་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་དང་། སྐུ་མགྲོན་གཙོ་བོ་དཔལ་ལྡན་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་ཀྱིས་གཙོས་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་དང་། ལུགས་བདེ་གཉིས་ཀྱི་ས་གནས་འགོ་འཛིནདབུ་བཞུགས་ཐོག་བགྲོ་གླེང་ལ་དངོས་སུ་མཉམ་ཞུགས་གནང་མཁན་དགོན་ཁག་ ༣༡ ནས་དགེ་འདུན་པ་དང་། བཙུན་མ་གྲངས་ ༦༡ ཕེབས་ཡོད།སྤྱིར་རིས་སུ་མ་མཆིས་པའི་དགོན་ཁག་ ༦༡ གི་དགེ་བཙུན་གྲངས་ ༡༡༠ ལ་མགྲོན་འབོད་ཞུས་ཡོད་ཅིང་། དངོས་སུ་མཉམ་ཞུགས་གནང་མཁན་གོང་གསལ་བཞིན་དགེ་བཙུན་གྲངས་ ༦༡ ཕེབས་ཐུབ་པ་བྱུང་ཡོད། བགྲོ་གླེང་མཉམ་ཞུགས་པ་གསུང་བཤད་གནང་མཁན་ཆོས་བརྒྱུད་རེ་ནས་དགེ་འདུན་པ་གཉིས་རེ་དང་། ཇོ་ནང་དང་རིས་མེད་ཁོངས་ནས་དགེ་འདུན་པ་རེ་བཅས་ཁྱོན་བསྡོམས་གྲངས་ ༡༣ དང་ཆོས་བརྒྱུད་རིས་སུ་མ་ཆད་པའི་བཙུན་དགོན་ཁག་ནས་བཙུན་མ་བཞི་བཅས་ཁྱོན་བསྡོམས་གསུང་བཤད་པ་ ༡༧ ཡོད།སྔ་འགྱུར་རྙིང་མའི་གདན་ས་ཆེན་མོ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་ནི། ཕྱི་ལོ་ ༡༩༦༣ ལོར་སྔ་འགྱུར་རྙིང་མའི་དབུ་འཛིན་གསུམ་པ་༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་གིས་ཕྱག་བཏབ། དགོན་འདིར་གྲྭ་ཚང་། བཤད་གྲྭ། སློབ་གྲྭ། བཙུན་དགོན། སྒྲུབ་སྡེ་ཁང་བཅས་པ་ཡོད་ལ། རྨང་གཞི་བོད་ཀྱི་སྐད་ཡིག་ནས་བཟུང་མདོ་སྔགས་གཞུང་ལུགས་རྒྱ་མཚོར་གསན་བསམ་བྱ་རྒྱུ་ཡོད། ད་ལྟ་རྒྱུན་བཞུགས་དགེ་འདུན་པ་དང་བཙུན་མ་གྲངས་ ༢༨༠༠ ཙམ་གྱིས་སྤོང་ཀློག་འཁོར་ལོ་གསུམ་གྱི་བྱ་བའི་སྒོ་ནས་དུས་འདའ་བཞིན་པ་ཡིན། །
གསར་གནས།
འབྲེལ་གནས།