༄༅། །བེལ་ཇི་ཡམ་ཆོས་རིག་འཛིན་སྐྱོང་ཁང་གི་འཇམ་དབྱངས་བློ་འཕེལ་གཟའ་མཇུག་སློབ་གྲྭས་ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༢༥ ཉིན་བེལ་ཇི་ཡམ་གྱི་གྲོང་ཁྱེར་ཨེན་ཊི་ཝར་པེན་ (Antwerpen) དུ་བོད་མིའི་བླ་ན་མེད་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༧ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དང་། འཇམ་དབྱངས་བློ་འཕེལ་གཟའ་མཇུག་སློབ་གྲྭ་དབུ་བརྙེས་ནས་མི་ལོ་ ༡༤ འཁོར་བའི་དུས་དྲན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་དབུ་འབྱེད་མཛད་སྒོའི་ཐོག་ཆོས་རིག་འཛིན་སྐྱོང་ཁང་གི་འགན་འཛིན་འཇིགས་མེད་ལགས་ཀྱིས་འཇམ་དབྱངས་བློ་འཕེལ་གཟའ་མཇུག་སློབ་གྲྭའི་ངོས་ནས་འདས་པའི་ལོ་ངོ་ ༡༤ རིང་ལས་དོན་ཇི་སྤེལ་དང་ད་ལྟའི་སློབ་གྲྭའི་དཔལ་འབྱོར་གྱི་གནས་སྟངས་སྐོར་ངོ་སྤྲོད་གསུང་བཤད་གནང་བ་དང་འབྲེལ་འཇམ་དབྱངས་བློ་འཕེལ་གཟའ་མཇུག་སློབ་གྲྭ་དེ་བཞིན་ཚགས་ཚུད་དང་ལས་དོན་རྣམས་རྒྱུན་སྐྱོང་ཡོང་སླད་སློབ་ཕྲུག་གི་ཕ་མ་རྣམས་ཀྱིས་ཞལ་འདེབས་གནང་དགོས་པའི་འབོད་སྐུལ་ཞུས་གནང་ཡོད།སྐུ་མགྲོན་གཙོ་བོ་བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་འཕྲིན་ལས་དབང་འདུས་ལགས་ཀྱིས་འཇམ་དབྱངས་བློ་འཕེལ་གཟའ་མཇུག་སློབ་གྲྭའི་དགེ་ལས་སློབ་ཕྲུག་དང་ཕ་མ་རྣམས་ཀྱིས་སྐུ་ལས་བསྐྱོན་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུན་དུ་བཀའ་སློབ་ལམ་སྟོན་ཕེབས་པ་ལྟར་མི་རབས་གསར་པའི་གཞོན་སྐྱེས་རྣམས་ཀྱིས་སོ་སོའི་ཐུན་མོང་མིན་པའི་རིག་གཞུང་དང་སྐད་ཡིག་མི་ཉམས་རྒྱུན་འཛིན་དང་། དེ་བཞིན་བྱམས་སྙིང་རྗེ་དང་། ཡ་རབས་བཟང་སྤྱོད། བཟོད་བསྲན། སེམས་པ་བཟང་པོ་གནང་དགོས་པའི་གལ་གནད་སྐོར་གསུངས་ཡོད།གཞན་ཡང་ཁོང་གིས་འབྱུང་འགྱུར་ཕྱི་ཟླ་ ༧ པའི་ཟླ་དཀྱིལ་ལ་བཀའ་ཤག་སྐབས་བཅུ་དྲུག་པའི་ངོས་ནས་མི་འབོར་གྲངས་བཤེར་དང་། དེ་བཞིན་བླངས་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་གཏན་ཁེལ་ཡོད་པས་བེལ་ཇི་ཡམ་ཁུལ་གྱི་བོད་མི་རྣམས་ཀྱིས་རྒྱབ་སྐྱོར་དང་མཉམ་ཞུགས་གནང་དགོས་པའི་འབོད་སྐུལ་ཞུས་གནང་ཡོད། མཐར་འཕྲིན་ལས་དབང་འདུས་ལགས་ཀྱིས་སློབ་མཐར་ཕྱིན་པའི་སློབ་ཕྲུག་རྣམས་ལ་ཕྱག་འཁྱེར་རེ་གནང་ཡོད།
མཛད་སྒོའི་སྐབས་གཟའ་མཇུག་སློབ་གྲྭ་ཁག་དྲུག་གིས་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་དང་མང་ཚོགས་ནས་སྒོར་གཞས་འཁྲབ་གནང་ཡོད། མཛད་སྒོར་བེལ་ཇི་ཡམ་གྱི་བོད་རིགས་ཚོགས་པ་ཁག་གི་སྐུ་ཚབ་དང་། དེ་བཞིན་སློབ་ཕྲུག་དང་ཕ་མ་སོགས་མཉམ་ཞུགས་གནང་ཡོད་པ་བཅས།།