༄༅། །འདི་གར་བྱང་ཨ་རི་སྐུ་ཚབ་དོན་གཅོད་ལས་
དེ་ཡང་ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༤ ཉིན་གྱི་སྔ་དྲོ་ཕྱི་སྡོད་རྒྱ་རིགས་མང་གཙོ་དོན་གཉེར་བ་རྣམས་ཀྱི་གོ་སྒྲིག་འོག་དྲ་ལམ་བརྒྱུད་ཕྱི་ལོ་ ༡༩༨༩ ལོར་པེ་ཅིན་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་ངོ་ ༣༣ འཁོར་བའི་རྗེས་དྲན་སྲུང་བརྩི་ཞུས་ཡོད་པ་དང་། རྗེས་དྲན་མཛད་སྒོར་བྱང་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་དང་། ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས། ཕྱི་དྲིལ་རྒྱ་ཡིག་སྡེ་ཚན་གྱི་འགན་འཛིན་འཇམ་དབྱངས་ཚེ་རིང་ལགས། དེ་བཞིན་དྲུག་བཞིའི་དོན་རྐྱེན་དངོས་སུ་མཐོང་མྱོང་མཁན་ཝང་ཏན་ (Wang Dan) ལགས་ཚུད་པའི་རྒྱལ་སྤྱིའི་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་ཤེས་ཡོན་པ་སོགས་ཁྱོན་མི་གྲངས་ ༣༠ ལྷག་མཉམ་ཞུགས་གནང་ཡོད།གཞན་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཨ་རིའི་མེ་རི་ལེན་ཌ་ (Maryland) མངའ་སྡེ་ནང་དྲུག་བཞིའི་དོན་རྐྱེན་དུས་དྲན་མཛད་སྒོ་ཚོགས་སྐབས་བྱང་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་མཉམ་ཞུགས་གནང་ཡོད་པ་མ་ཟད། ཡུ་ཀེ་རེན་དང་། ཀོ་རི་ཡཱ། ཝི་ཡཏ་ནཱམ། ཧོང་ཀོང་བཅས་ཀྱི་སྐུ་ཚབ་རྣམ་པ་དང་། རྒྱ་རིགས་མང་གཙོ་དོན་གཉེར་བའི་འགོ་ཁྲིད་སྐུ་ཞབས་ཝེ་ཇིན་ཧྲིན་ (Wei Jingsheng) ལགས། ཁྲིམས་རྩོད་པ་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་གྲགས་ཅན་སྐུ་ཞབས་ཁྲེན་ཀོང་ཁྲེང་ (Mr Chen Guangcheng) ལགས། རྒྱ་རིགས་མང་གཙོ་དོན་གཉེར་བ་སྐུ་ཞབས་ཝང་ཏན་ (Wang Dan) ལགས་སོགས་མཉམ་ཞུགས་ཀྱིས་དྲུག་བཞིའི་དོན་རྐྱེན་རྗེས་དྲན་དང་གདུང་སེམས་མཉམ་སྐྱེའི་གསུང་བཤད་གནང་ཡོད།ཕྱོགས་མཚུངས་ཚུལ་ཁྲིམས་རྒྱ་མཚོ་ལགས་རྒྱ་རིགས་མང་གཙོ་དོན་གཉེར་བ་སྐུ་ཞབས་ཝང་ཏན་ (Wang Dan) ལགས་ཀྱིས་གོ་སྒྲིག་གནང་བའི་དྲུག་བཞིའི་དོན་རྐྱེན་སྐོར་གྱི་འགྲེམས་སྟོན་ལས་རིམ་ནང་མཉམ་ཞུགས་གནང་ཡོད། ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་དྲུག་བཞིའི་དོན་རྐྱེན་དུས་དྲན་མཛད་སྒོ་ཁག་ཏུ་བོད་ནང་རང་དབང་གི་སླད་དུ་ཞི་བའི་ངོ་རྒོལ་གནང་མཁན་བོད་མི་དང་། གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་མང་གཙོ་དང་རང་དབང་ཆེད་དུ་དངོས་སུ་ཞི་བའི་ངོ་རྒོལ་གནང་མཁན་རྒྱ་རིགས་སློབ་མ་རྣམས་ལ་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པའི་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས། རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་བྱས་དང་བྱེད་བཞིན་ཡོད་སྟབས། ཕྱི་ལོ་ ༢༠༢༢ ལོར་བཀྲ་ཕུན་ལགས་དང་བོད་ཀྱི་དེང་རབས་གཞས་པ་གྲགས་ཅན་ཚེ་དབང་ནོར་བུ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བ་ཚུད་པའི་ད་བར་བོད་མི་གྲངས་ ༡༥༩ ལྷག་གིས་རང་ལུས་མེར་བསྲེགས་བཏང་ཡོད་པ་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།།