༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༠༦ ཚེས་ ༠༦ ནས་ ༠༨ བར་ཉིན་གྲངས་གསུམ་རིང་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་རྒྱ་གར་བྱང་ཕྱོགས་ཁུལ་གྱི་སྔོན་འགྲོའི་དགེ་རྒན་རྣམས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་ཟབ་སྦྱོང་གནང་ཡོད་པ་ལྟར་ཕྱི་ཚེས་ ༠༨ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༤ ཐོག་ཟབ་སྦྱོང་གི་མཇུག་སྡོམ་མཛད་སྒོར་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་ཡོད། གཞན་ཡང་མཛད་སྒོའི་ཐོག་སཱ་ར་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་ལགས་དང་། སཱ་ར་མཐོ་སློབ་ཀྱི་ལྟ་གྲུབ་སློབ་དཔོན་དགེ་བཤེས་བསྟན་འཛིན་ཚེ་ལེགས་དང་དགེ་བཤེས་བསྟན་འཛིན་དམ་ཆོས་ལགས། ཤེས་རིག་ལས་ཁུངས་ཀྱི་ཤེས་ལྷན་ཡིག་ཚང་འགན་འཛིན་བསྟན་འཛིན་པདྨ་ལགས་བཅས་ཕེབས་ཡོད།དེ་ཡང་ཐོག་མར་ཤེས་ལྷན་ཡིག་ཚང་འགན་འཛིན་བསྟན་འཛིན་པདྨ་ལགས་ཀྱི་ཟབ་སྦྱོང་ངོ་སྤྲོད་གནང་གྲུབ་མཚམས་མཉམ་ཞུགས་པ་གསུམ་ནས་རང་ཉིད་ཀྱི་མྱོང་ཚོར་གསུངས་ཤིང་། དེ་རྗེས་ཤེས་རིག་བཀའ་བློན་མཆོག་གིས་དགེ་རྒན་རྣམས་ལ་གསུང་བཤད་གནང་དོན། རང་ཉིད་ནས་དགེ་རྒན་བྱས་པའི་ཉམས་མྱོང་དང་སྦྲགས་སྔོན་འགྲོ་དང་དམའ་རིམ་སློབ་གྲྭའི་དགེ་རྒན་རྣམས་རྩ་ཆེན་པོ་ཡིན་པ་མ་ཟད་འགན་ཆེན་པོ་ཡོད་པས་སོ་སོ་དམའ་བོ་ཡིན་སྙམ་པ་དྲན་རྒྱུ་མེད། ཅེས་དང་། བཀའ་བློན་མཆོག་གིས་ཤེས་རིག་ལས་ཁུངས་ཀྱི་ཐུགས་འགན་བཞེས་རྗེས་བོད་སློབ་ཁག་ཏུ་སཱི་ཤེས་ཡོན་སློབ་གསོའི་གནས་སྟངས་ཞིབ་འཇུག་གནང་འབྲས་སུ་རྡ་ས་བོད་ཁྱིམ་ནས་ལག་བསྟར་ཚགས་ཚུད་ཤོས་གནང་ཡོད་པའི་སྐོར་གསུངས་པ་དང་སྦྲགས། བོད་སློབ་གཞན་རྣམས་ནས་ཀྱང་སློབ་གྲྭ་ཁག་ཏུ་ཆོས་ལུགས་ལ་མ་བརྟེན་པར་ཕྲུ་གུའི་བཟང་སྤྱོད་གོང་མཐོར་གཏོང་བར་སཱི་ཤེས་ཡོན་སློབ་གསོ་ལག་བསྟར་སྔར་ལྷག་གནང་དགོས་པའི་ལམ་སྟོན་གནང་སོང་།ཐེངས་འདིའི་ཟབ་སྦྱོང་ལ་མཉམ་ཞུགས་གནང་མཁན་སྔོན་དགེ་ཡོངས་རྫོགས་བུད་མེད་ཡིན་ཞིང་། ཤེས་རིག་བཀའ་བློན་མཆོག་གིས་དམའ་རིམ་དང་སྔོན་འགྲོའི་དགེ་རྒན་བུད་མེད་ལས་འཇོན་པ་དང་ཡག་པ་མེད་ཅེས་བཤད་ནའང་མ་འགྲིག་པ་མེད། ལྷག་པར་ཟབ་སྦྱོང་ལ་ཕེབས་མཁན་ཞིག་གིས་ཕྲུ་གུ་ཆུང་ཆུང་ཞིག་མཉམ་དུ་འཁྲིད་ནས་ཕེབས་འདུག དེ་ཚོད་ཀྱི་གདོང་ལེན་བྱ་རྒྱུའི་སེམས་ཤུགས་ཡོད་པར་བསྔགས་བརྗོད་ཡོད་ལ། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་དང་། དེང་སྐབས་གོ་ལ་གཅིག་འགྱུར་གྱི་དུས་སུ་རྒྱལ་ཁབ་ཕན་ཚུན་གྱི་བདེ་སྡུག་གཅིག་ལ་གཅིག་རྟེན་ཆགས་ཡོད་སྟབས་བཟང་སྤྱོད་ལ་བརྟེན་ནས་ད་ལྟ་དང་འབྱུང་འགྱུར་གྱི་གོ་ལའི་དཀའ་ངལ་མང་པོ་ཞིག་སེལ་ཐུབ་པ་མ་ཟད། བཟང་སྤྱོད་ཡོད་ན་རང་གཞན་སྤྱི་ཚོགས་སྐྱིད་པོ་ཡོང་ངེས་ཡིན་པ་དང་། དེ་ལྟར་མ་བྱུང་ན་སློབ་སྦྱོང་གནས་ཚད་ག་ཚོད་མཐོ་ཡང་སྤྱི་ཚོགས་ལ་ཕན་ཐོགས་རྒྱ་ཆེ་སྒྲུབ་མི་ཐུབ་ཅེས་གསུངས།གཞན་ཡང་བཀའ་བློན་མཆོག་གིས་སློབ་སྦྱོང་མཉམ་དུ་ཡ་རབས་བཟང་སྤྱོད་མེད་ན་རང་ཉིད་ལ་མི་ཕན་མ་ཟད། སྤྱི་ཚོགས་ལའང་ཕན་པའི་ཕྱག་ལས་གནང་ཐུབ་ཀྱི་མ་རེད། གང་ཡིན་ཟེར་ན། སོ་སོ་མ་གཏོགས་དྲན་རྒྱུ་མེད། ང་ལ་གོ་གནས་གང་འདྲ་ཞིག་རག་ཡོང་། ཕོགས་ག་ཚོད་རག་ཡོང་། ང་ལུང་པ་གང་དུ་ཕྱིན་ན་སྐྱིད་པ་ཡོང་ས་རེད། ང་དང་ངའི་ནང་མི་མ་གཏོགས་དྲན་རྒྱུ་མེད་པའི་མི་ཞིག་ལ་སློབ་སྦྱོང་ག་ཚོད་རག་ཡོད་ཀྱང་ཕན་ཐོགས་རྒྱ་ཆེན་པོ་སྒྲུབ་མི་ཐུབ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་གཞིར་བཟུང་སྤྱི་སེམས་བཅངས་ཏེ། སློབ་སྦྱོང་ཕྲན་བུ་ཤེས་པ་དེས་སྤྱི་ཚོགས་ལ་ཕན་པ་གང་བྱེད་ཐུབ་པ་འདུག་གམ། དཀའ་ལས་ག་ཚོད་རྒྱག་དགོས་བྱུང་ཡང་གདོང་ལེན་བྱེད་ཀྱི་ཡིན་བསམ་པའི་བསམ་བློ་འཁྱེར་བ་ཡིན་ན་ཏན་ཏན་སློབ་སྦྱོང་ཡོད་པ་དེ་ཕན་ཐོགས་བྱུང་བ་རེད། ཨིན་ཇིའི་གཏམ་དཔེ་ཞིག་གི་ནང་མིའི་མི་ཚེ་ནང་སློབ་སྦྱོང་གི་གྲུབ་འབྲས་མ་སོན་པ་མང་པོ་ཞིག་སྤྱོད་པ་ཁྱེར་སྟངས་ཀྱིས་གྲུབ་འབྲས་ཐོན་གྱི་རེད་ཅེས་བཤད་ཡོད། སློབ་སྦྱོང་ཚད་མཐོ་པོ་མེད་ནའང་སྤྱོད་པ་དང་རྣམ་འགྱུར་སྟོན་སྟངས་ཡག་པོ་ཡོད་ན་ལས་དོན་སྒྲུབ་ཐུབ་ཀྱི་རེད་ཅེས་གསུངས་སོང་།ཕྱོགས་མཚུངས་ཤེས་རིག་བཀའ་བློན་མཆོག་གིས་བོད་མི་རྣམས་བཟང་སྤྱོད་ཡོད་མཁན་ཡིན་ཞེས་ཡོངས་གྲགས་ཡིན་ནའང་དེང་སྐབས་བོད་མི་རྣམས་ཀྱིས་སྤྱོད་པ་སྟོན་སྟངས་ལ་དོ་གཟབ་གནང་གལ་ཆེ་བ་དང་། དགེ་རྒན་རྣམས་ནས་སློབ་གྲྭའི་འཛིན་ཁང་ཙམ་མ་ཟད། སོ་སོའི་ཁྱིམ་ཚང་དུའང་བཟང་སྤྱོད་སློབ་གསོ་སྤྲོད་དགོས་པའི་ལམ་སྟོན་གནང་ཡོད། ཐེངས་འདིའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ཟབ་སྦྱོང་དེ་བཞིན་འདི་ལོའི་ཕྱི་ཟླ་༠༣ནང་ཚོགས་པའི་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་ཐེངས་དགུ་པའི་སྐབས་གཏན་ཉིན་སློབ་གྲྭ་ཁག་ཏུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དམ། སཱི་ཤེས་ཡོན་སློབ་གསོ་ལག་བསྟར་གནང་ཕྱོགས་གྲོས་ཆོད་བསྐྱངས་དོན་བཞིན་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་ཡོད་ཅིང་། ད་ཐེངས་ཀྱི་ཟབ་སྦྱོང་ནང་རྒྱ་གར་བྱང་ཕྱོགས་ཁུལ་གྱི་སློབ་གྲྭ་༡༧ ནས་སྔོན་དགེ་༤༦ མཉམ་ཞུགས་གནང་འདུག་པ་དང་། ཟབ་སྦྱོང་གི་སླད་དུ་མཐུན་སྦྱོར་གནང་མཁན་ཨི་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སཱི་ཤེས་ཡོན་སློབ་གསོའི་རྒྱལ་སྤྱིའི་འབྲེལ་མཐུད་པ་བརྩོན་འགྲུས་བསམ་འཕེལ་ལགས་དང་། སཱ་ར་མཐོ་སློབ་ཀྱི་ལྟ་གྲུབ་སློབ་དཔོན་དགེ་བཤེས་བསྟན་འཛིན་ཚེ་ལེགས་ལགས། དགེ་བཤེས་བསྟན་འཛིན་དམ་ཆོས་ལགས། ཤེས་ལྷན་ཡིག་ཚང་གི་འགན་འཛིན་བསྟན་འཛིན་པདྨ་ལགས་བཅས་རེད་འདུག ཐེངས་འདིའི་ཟབ་སྦྱོང་དེ་བཞིན་ཝི་མ་ལ་ཚོགས་པའི་མཐུན་འགྱུར་འོག་གོ་སྒྲིག་གནང་བ་ཞིག་རེད་འདུག་པ་བཅས།།