༄༅། །ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ནང་གི་ཤེས་ཡོན་པ་ཚོ་གང་བྱུང་འཛིན་བཟུང་དང་དམ་དྲག ། ཉེས་མིང་སྣ་ཚོགས་འོག་བཙོན་མཇུག་ཁྲིམས་ཐག་གཅོད་བཞིན་ཡོད་པ་ལྟར། ཉེ་བའི་ཟླ་དྲུག་ཙམ་གྱི་སྔོན་ལ་སི་ཁྲོན་ཞིང་ཆེན་ཉེན་རྟོག་པས་རྫ་སེལ་ཤུལ་རྫོང་འབུམ་རྙིང་སྡེ་བ་ནས་ཡིན་པའི་བོད་མི་ན་གཞོན་ཤེས་ཡོན་པ་བློ་གྲོས་ལགས། གློ་བུར་རྒྱུ་མཚན་སོགས་ཁ་གསལ་གང་ཡང་མེད་པར་འཛིན་བཟུང་གིས་རྒྱ་ནག་གི་ཁྲིན་ཏུའུ་གྲོང་ཁྱེར་དུ་བཙན་ཁྲིད་བྱས་ཡོད་པ་དང་། ད་ལྟའི་ཆར་ནང་མི་ཚོས་འབྲེལ་ཡོད་བརྒྱུད་ནས་ཁོང་ལ་བཙོན་མཇུག་ཁྲིམས་ཐག་གཅོད་གྲབས་ཡོད་པ་གོ་ཐོས་ཙམ་ལས། གཞན་ཁོང་བཙོན་ཁང་དུ་ཡོད་དམ་བཀག་སྐྱིལ་ཁང་དུ་ཡོད་པ་སོགས་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་ལྷག་ཡོད་སྐོར། བོད་ནང་དང་བཙན་བྱོལ་ནང་ཡོད་པའི་འབྲེལ་ཡོད་བོད་མི་གཉིས་ནས་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པ་དེས་མུ་མཐུད་བརྗོད་དོན་ལ། ནམ་རྒྱུན་ཡིན་ན་མི་སྣ་འཛིན་བཟུང་རིགས་བྱེད་པར་རྫོང་རིམ་པ་ནས་མི་སྣ་ཡོང་གི་ཡོད་ཀྱང་། ཐེངས་འདིར་སི་ཁྲོན་ཞིང་ཆེན་རིམ་པ་ནས་བློ་གྲོས་ལགས་འཛིན་བཟུང་ཆེད་མི་སྣ་བཏང་ཡོད་པ་དང་། འཛིན་བཟུང་བྱེད་དོན་ཐད་ལ་བློ་གྲོས་ལགས་ཀྱིས་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པས་ཡིན་པར་དོགས་གཞི་དང་། ཡང་ཁ་ཤས་ཀྱིས་ཁོང་ནི་ནམ་རྒྱུན་ཤེས་ཡོན་ཡག་པོ་ཡོད་མཁན་ཞིག་ཡིན་སྟབས། སྐད་ཡིག་ཐོབ་ཐང་སྐོར་ནས་སྐད་ཆ་བཤད་པས་ཡིན་པ་སོགས་བཤད་བཞིན་ཡོད་ཀྱང་། ཐག་ཆོད་པ་ཞིག་སུ་ལའང་གསལ་ཁ་མེད་པ་མ་ཟད། རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་དགོས་པའི་རྒྱུ་མཚན་སོགས་ནང་མིར་གསལ་བཤད་གང་ཡང་བྱེད་ཀྱི་མེད་སྐོར་བརྗོད་བྱུང་།
རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནས་བཟུང་བོད་སྐད་ཡིག་ཐོག་དོ་སྣང་ཡོད་མཁན་དང་བོད་མི་ཤེས་ཡོན་པ་ཚོར་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༠ ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་སྟོད་རྫོང་སྐྱ་རིང་གྲོང་སྡེ་ནས་ཡིན་པ། བོད་རིགས་གཞོན་སྐྱེས་བློ་བསྟན་ལགས་ཀྱིས་རྒྱ་བསྒྱུར་སློབ་གསོའི་ཐད་སྐད་ཆ་བཤད་པས་འཛིན་བཟུང་བྱས་ཡོད་པ་དང་། ཡང་འདི་ལོའི་ཕྱི་ཟླ་ ༢ ནང་ཆབ་མདོ་རི་བོ་ཆེ་ཡམ་མདའ་སྡེ་བ་ནས་ཡིན་པའི་མཐོ་རིམ་སློབ་མ་ཆོས་སྒྲོན་ལགས་ཀྱིས་དགུན་ཁའི་གུང་གསེང་དང་བསྟུན་བྱིས་པ་ཚོར་ཟབ་སྦྱོང་ཚོགས་པས་འཛིན་བཟུང་བྱས་ཡོད་པ་རེད་ལ། འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པ་གཅིག་གིས། བློ་གྲོས་ལགས་ནི་ནམ་རྒྱུན་བོད་ཀྱི་སྐད་ཡིག་ཐད་དོ་སྣང་ཡོད་མཁན་ཞིག་ཡིན་པ་དང་། ཁོང་ཞིང་ཆེན་རིམ་པ་ནས་འཛིན་བཟུང་བྱས་པར་བལྟས་ན་ཅུང་ཙམ་གནད་དོན་ཛ་དྲག་ལྟ་བུ་ཡིན་ནའང་། ཁོང་འཛིན་བཟུང་བྱེད་དུས་ཀྱི་ཟླ་ཚེས་སོགས་ཤེས་རྟོག་ཐུབ་ཀྱི་མེད་སྐོར་བརྗོད་བྱུང་།
བློ་གྲོས་ལགས་ནི་ལོ་ན་ ༣༠ ལྷག་གི་ནང་དུ་ཡོད་པ་དང་ཁོང་གི་ཕ་མིང་ལ་རིག་འཛིན་དང་། ཁོང་ཆུང་དུས་ནས་ས་གནས་སློབ་གྲྭ་དང་སློབ་ཆེན་རིམ་པ་ཐོན་ཏེ། རྒྱ་བོད་གཉིས་ཀྱི་སྐད་ཡིག་ཐོག་སློབ་སྦྱོང་ཡག་པོ་ཡོད་མཁན་ཞིག་དང་། ཁོང་ལ་སྲིད་གཞུང་གིས་ལས་ཀ་སྤྲད་ཡོད་ནའང་ལས་ཀ་དེ་རིགས་བྱེད་ཀྱི་མེད་པ་དང་། ཁོང་ནི་བོད་ཡིག་དང་བོད་སྐད་གཅེས་སྐྱོང་ཐད་འབད་བརྩོན་གནང་མཁན་ཞིག་ཀྱང་ཡིན་འདུག །