༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༠༦ ཚེས་ ༡༥ རེས་གཟའ་ལྷག་པ་ཉིན་བཞུགས་སྒར་རྡ་སར་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ ༦༣ འཁོར་བའི་དུས་དྲན་དང་བསྟུན་རྒྱ་ལུ་རུ་ཁག་དང་རྔོན་པ་རུ་ཁག་གཉིས་དབར་རྐང་བྲོ་གླུ་གཞས་འགྲན་བསྡུར་གནང་སྟེ་རྔོན་པ་རུ་ཁག་ལ་ཐེངས་འདིའི་རྐང་བྲོ་གླུ་གཞས་ཀྱི་རྒྱལ་ཁ་ཐོབ་ཡོད།དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤།༢༠ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག རང་དབང་ཅན་གྱི་ལས་ཁུངས་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་ཁག་གཅིག བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་དྲུང་ཆེ་རྣམ་པ། ཚོགས་སྡེ་ཁག་གི་འགན་འཛིན་རྣམ་པ། ཟློས་ཟུར་ཚོགས་མི་རྣམ་པ། གཟུ་དཔང་སོགས་ལྷན་འཛོམས་ཀྱིས་ཐོག་མར་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱིས་དུས་དྲན་ངོ་སྤྲོད་ཀྱི་གསུང་བཤད་དང་། སྒྱུ་རྩལ་སློབ་ཁྲིད་འགན་འཛིན་བསམ་གཏན་དོན་གྲུབ་ལགས་ཀྱིས་རུ་ཁག་གཉིས་དབར་རྐང་བྲོ་གླུ་གཞས་འགྲན་བསྡུར་གྱི་གཟུ་དཔང་རྣམས་ངོ་སྤྲོད་གནང་རྗེས་རྒྱ་ལུ་རུ་ཁག་དང་རྔོན་པ་རུ་ཁག་གཉིས་དབར། རྐྱང་གཞས་དང་། འཁྲབ་གཞས། དེ་བཞིན་མཉམ་གཞས་བཅས་འགྲན་བསྡུར་གནང་མཐར་རྔོན་པ་རུ་ཁག་གིས་རྒྱལ་ཁ་བླངས།དེ་ནས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལས་བྱེད་རྒས་ཡོལ་རྣམས་ལ་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོའི་སྐུ་བརྙན་དང་། བསླབ་པ་མཐར་སོན་པའི་བྲོ་པ་གཞོན་པ་རྣམས་ལ་ཕྱག་འཁྱེར། ཟུར་དཔང་རྣམས་ལ་ཐུགས་རྗེ་ཆེ་ཞུའི་ལེགས་སྐྱེས། དེ་བཞིན་འགྲན་བསྡུར་གྱི་བྱ་དགའ་བཅས་གསོལ་རས་གནང་སྟེ་གསུང་བཤད་གནང་དོན། དོན་གྲུབ་ཚེ་རིང་ལགས་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་དུ་བསྐོ་གཞག་གནང་སྟེ་འཛིན་སྐྱོང་གི་ལས་དོན་ཡག་ཐག་གཅོད་ཡོང་རྒྱུའི་རེ་བ་ཞུ་བཞིན་ཡོད། རིག་གཞུང་གི་ལས་དོན་དེ་དག་རིག་གཞུང་དང་འབྲེལ་བའི་ལས་བྱེད་ཁག་གིས་གནང་དགོས་པའི་གནད་དོན་ཞིག་རེད། མ་འོངས་པར་བོད་ཀྱི་ཟློས་གར་དང་འབྲེལ་བའི་ལས་དོན་གང་བྱེད་པ་ཡིན་ནའང་ཟློས་གར་ཟུར་པ་དང་རྒན་པ་ཚོ་དང་འབྲེལ་བ་མུ་མཐུད་གཞག་རྒྱུ་དང་། ཟློས་གར་ཟུར་པ་དང་རྒན་པ་ཚོ་ངོས་ནས་མཐུན་འགྱུར་གནང་རྒྱུ་ཡོད་ན་གོ་སྐབས་ག་དུས་ཡིན་ནའང་བཟོ་ཆོག་གི་རེད།མི་ལོ་ ༢༥ ལྷག་རིང་ཞབས་ཕྱི་ཞུ་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། རྒན་རབས་རྣམས་ཀྱི་དཀའ་ལས་མ་བརྒྱབ་པ་ཡིན་ན། ད་ལྟའི་མི་རབས་ལ་གོ་སྐབས་ཡོང་རྒྱུ་མེད་པ་གསལ་པོ་རེད། དེར་བརྟེན་དེ་རིང་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོའི་སྐུ་བརྙན་བཞེས་གནང་མཁན་དང་། དེ་བཞིན་སྔོན་མ་ནས་ཕྱག་ལས་གནང་སྟེ་ཐང་སྟོང་རྒྱལ་པོའི་སྐུ་བརྙན་བཞེས་གནང་མཁན་ལས་བྱེད་ཡོངས་ལ་བཀའ་ཤག་སྐབས་ ༡༦ དང་ང་རང་སྒེར་གྱི་ངོས་ནས་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་།
དབྱར་སྐྱིད་ནི་ལོ་གཅིག་ནང་ཚང་མས་སྒུག་བཞིན་པ་ལྟ་བུ་རེད། ལྷག་པར་རོལ་དབྱངས་དང་ཟློས་གར་ལ་དགའ་མོས་ཡོད་མཁན་ཚོས་ད་རེས་གསར་པ་འདྲ་གང་ཡོད་དམ་སྙམ་ནས་སྒུག་བཞིན་པའི་གནས་སྟངས་རེད། འདི་ལོར་ཚང་མས་སོ་སོའི་ནུས་པའི་རྩལ་སོགས་ཚང་མ་བཏོན་ཏེ་གཏམ་བརྗོད་རིགས་ཡིན་ནའང་གཉིས་ཀས་ཡག་ཐག་གཅོད་འཁྲབ་སོང་སྙམ་པ་བྱུང་། དེར་བརྟེན་མིག་ཆུ་ཡང་ཕྲན་བུ་འཁོར་བྱུང་། ང་ཚོ་འདིར་ཡོད་མཁན་ཚང་མས་དགོངས་པ་བཞེས་དགོས་པའི་གནད་དོན་ཞིག་ཆགས་ཡོད་པ་རེད། དེ་བཞིན་རྒྱ་ཆེ་མང་ཚོགས་ཀྱི་ངོས་ནས་བསམ་བློ་གཏོང་དགོས་པ་ཆགས་ཀྱི་རེད། སྤྱིར་ལས་རིམ་འདི་ཕྱིས་སུ་འགྲེམས་ཚོང་གནང་གི་ཡོད་སྟབས། མང་ཚོགས་ལ་བལྟ་རྒྱུའི་གོ་སྐབས་ཏན་ཏན་ཡོང་གི་རེད། མང་ཚོགས་ནང་གཏམ་བརྗོད་གཉིས་ཀྱི་གོ་བརྡ་འཕྲོད་པའི་ཐོག་ནས་མང་ཚོགས་ངོས་ནས་བོད་སྤྱི་པའི་རྩ་དོན་སླད་ཕྱག་ལས་གནང་རྒྱུར་ཕྱར་གྲུ་མཉམ་འདེགས་དང་ནུས་པ་མཉམ་སྤུངས་དགོས་རྒྱུ་གལ་ཆེན་པོ་ཡིན་པ་ད་རེས་འདི་ནས་སྟོན་པ་རེད། ལས་ཀྱི་སྣེ་མོ་བ་ཚོས་གནང་དགོས་པ་བཤད་མི་དགོས་པ་རེད། འགྲན་སྡུར་ག་འདྲ་ཞིག་ཡིན་རུང་གཅིག་ཐོབ་པ་དང་གཅིག་ཤོར་བ་ཆོས་ཉིད་རེད། དེར་བརྟེན་རྒྱ་ཆེ་ས་ནས་བསམ་བློ་བཏང་ཐུབ་པ་ཡིན་ན་དེ་ལ་ཧ་ཅང་བློ་ཕམ་བྱེད་དགོས་པའི་གནད་དོན་ཡོད་མ་རེད་བསམ་གྱི་ཡོད། སོ་སོའི་ངོས་ནས་འབད་བརྩོན་ཧུར་ཐག་གནང་བ་རེད། ད་ལྟའི་གནས་སྐབས་ལ་དེ་ཙམ་མ་བྱུང་བ་ཡིན་ནའང་མ་འོངས་པར་རྣམ་དཔྱོད་ཀྱི་རྩལ་བཏོན་ནས་ཡག་པོ་ཡོང་བའི་རེ་བ་ཏན་ཏན་ཞུ་ཆོག་གི་རེད། རྒྱལ་ཕམ་ལ་སེམས་ངལ་གནང་དགོས་པའི་གནས་སྟངས་ཡོད་པ་མ་རེད་བསམ་གྱི་ཡོད། བོད་ཀྱི་ཟློས་གར་ཚོགས་པའི་ངོས་ནས་དབྱར་སྐྱིད་གོ་སྒྲིག་གནང་བ་དང་། འཁྲབ་སྟོན་དེ་དག་དོན་སྙིང་ལྡན་པ་ཤ་སྟག་རེད་འདུག བསྔགས་བརྗོད་ཞུ་འོས་པ་རེད་འདུག དེར་བརྟེན་བསྔགས་བརྗོད་ཞུ་ཡི་ཡོད། བོད་ཀྱི་ཟློས་གར་ཚོགས་པའི་མ་འོངས་ལས་དོན་མཐའ་དག་ལམ་ལྷོངས་དང་ཚགས་ཚུད་ཡོང་བའི་རེ་བ་ཞུ་གི་ཡོད། ཅེས་གསུང་བཤད་གནང་།མཐར་བོད་ཀྱི་ཟློས་གར་ཚོགས་པའི་དྲུང་ཆེ་བསོད་ནམས་ཆོས་འཕེལ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་རྒྱལ་ཁའི་ངང་མཇུག་སྒྲིལ། །