༄༅། །ཨ་རིའི་རྒྱལ་ཡོངས་སི་སྤོལ་རྩེད་འགྲན་པ་ཟུར་པ་སྐུ་ཞབས་ཨི་ནིས་ཀེན་ཊར་ཕྲྀ་ཊོམ་ (Enes Kanter Freedom) ལགས་ཀྱིས་བེལ་ཇི་ཡམ་གྱི་རྒྱལ་ས་སྦར་སིལ་ (Brussels) ནང་ཉིན་གྲངས་གཉིས་རིང་བེལ་ཇི་ཡམ་གྱི་གྲོས་ཚོགས་འཐུས་མི་དང་། གསར་འགོད་པ། འབྲེལ་ཡོད་ལས་བྱེད་ཁག་གཅིག་དང་མཇལ་འཕྲད་ཀྱིས་ཞུ་གཏུག་གི་ལས་འགུལ་སྤེལ་བཞིན་པ་དང་བསྟུན། ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༣༡ ཉིན་བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཡུ་རོབ་གྲོས་ཚོགས་ཁང་དུ་སྐུ་ཞབས་ཨི་ནིས་ཀེན་ཊར་ཕྲྀ་ཊོམ་ལགས་དང་། ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཞོན་པི་སེར་ནོ་ (Picierno) ལགས་དང་མཇལ་འཕྲད་གནང་ཡོད།
ཨ་རིའི་རྒྱལ་ཡོངས་སི་སྤོལ་རྩེད་འགྲན་པ་གྲགས་ཅན་ཟུར་པ་སྐུ་ཞབས་ཨེ་ནེ་སི་ཀེན་ཊར་ཕྲྀ་ཊོམ་ལགས་ཀྱིས་ཨ་རིའི་རྒྱལ་ཡོངས་སི་སྤོལ་རྩེད་འགྲན་ཚོགས་པའི་ལས་ཀ་བློས་བཏང་གིས་རྒྱ་ནག་ཚུད་པའི་དབང་ཤེད་རིང་ལུགས་པའི་གཞུང་འཛིན་ཁག་ལ་ངོ་རྒོལ་དང་། འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་བཞིན་ཡོད། བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག ངོ་བོ་དང་བཅས་པ་རྨེག་མེད་དུ་གཏོང་སླད་བོད་མིའི་བསམ་བློ་བསྒྱུར་བཅོས་ཀྱི་སྲིད་བྱུས་གསར་པ་ཞིག་ལག་བསྟར་བྱས་དང་བྱེད་བཞིན་ཡོད་པ་དེ་ནི་བོད་མི་རྣམས་ལ་མཚོན་ན་ཧ་ཅང་གི་ཉེན་ཁ་ཆེ་བའི་སྲིད་བྱུས་ཤིག་ཡིན་པའི་སྐོར་འགྲེལ་བརྗོད་གནང་ཡོད།
གཞན་ཡང་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་སྐུ་ཞབས་ཨི་ནིས་ཀེན་ཊར་ཕྲྀ་ཊོམ་ལགས་ཀྱིས་ཆོད་སེམས་བརྟན་པོའི་སྒོ་ནས་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་སྐོར་གླེང་སློང་ཤུགས་ཆེ་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་གནང་བ་དང་འབྲེལ་སྐུ་ཞབས་ཁོང་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ཨ་ཕི་རི་ཀའི་ཡི་ཤུའི་མཆོད་དཔོན་སྐུ་ཞབས་ཌེ་སི་མོན་ཊུ་ཊུ་ (Archbishop Desmond Tutu) མཆོག་གིས་ལྗགས་རྩོམ་མཛད་པའི་དཔེ་དེབ་ (Book of Joy) ཞེས་པ་དང་ཁ་བཏགས་ཕུལ་གནང་ཡོད།
རྒྱལ་ཁབ་ཀྱི་ངོས་འཛིན་མ་ཐོབ་པའི་མི་རིགས་མཐུན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་དང་། དེ་བཞིན་བེལ་ཇི་ཡམ་རྒྱལ་སྤྱིའི་ཡུ་གུར་ལྷན་ཚོགས་ཀྱི་སྐུ་ཚབ་དང་ལས་བྱེད་ཁག་གཅིག་ཚོགས་འདུར་མཉམ་ཞུགས་གནང་ཡོད།།