༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༠༦ ཚེས་ ༢༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་སྟེང་བོད་རྒྱ་འབྲེལ་མོལ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད། རྒྱལ་སྤྱིའི་སྟེང་བོད་ཀྱི་གནས་ཚུལ་དྲིལ་བསྒྲགས་གནང་ཕྱོགས་ལ་འགྱུར་བ་དགོས་ཚུལ་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།
སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་རྒྱ་འབྲེལ་མོལ་ལ་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུན་མོང་གི་སྡིངས་ཆ་ཞིག་བསྐྲུན་རྒྱུ་དང་། དེ་འབྲེལ་གྲོས་ཚོགས་ཕན་ཚུན་བར་འབྲེལ་ལམ་ཡོང་ཆེད་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་འདི་བཞིན་མུ་མཐུད་འཚོག་རྒྱུ་ཧ་ཅང་གལ་གནད་ཆེན་པོ་ཡིན་པའི་སྐོར། བར་ལམ་ཡུ་ཀེ་རེན་གྱི་གནས་སྟངས་རྗེས་རྒྱལ་སྤྱིའི་མི་མང་གི་རྒྱ་ནག་ལ་ལྟ་ཚུལ་དང་། འཛམ་གླིང་གི་ཆབ་སྲིད་གནས་སྟངས་ལ་འགྱུར་ལྡོག་ཕྱིན་ཡོད་པར་བརྟེན་བོད་དང་། ཡུ་གུར། ལྷོ་སོག ཧོང་ཀོང་། ཐའི་ཝན་མི་མང་བཅས་ནས་གོ་སྐབས་དམ་འཛིན་གནང་གལ་ཆེ་བའི་སྐོར་འགྲེལ་བརྗོད་གནང་ཡོད་པ་མ་ཟད། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མུ་མཐུད་ནས་རྒྱ་ནག་གཞུང་གིས་འཁྱོག་བཤད་དྲིལ་བསྒྲགས་ཤུགས་ཆེ་བྱས་ཏེ་བོད་དོན་གནས་ཚུལ་ལོག་འགྲེལ་བྱེད་བཞིན་པའི་སྐབས་སུ་བོད་ཀྱི་དངོས་ཡོད་ལོ་རྒྱུས་གནས་སྟངས་རྒྱལ་སྤྱིའི་སྟེང་འགྲེལ་བརྗོད་གནང་གལ་ཆེ་ཞིང་། དེའི་ཐད་ཉམས་ཞིབ་པ་སྐུ་ཞབས་མཧི་ཀལ་ཝན་ཝལ་ཊ་ཝན་པ་རག་ (Michael van Walt van Praag) ལགས་དང་། གཙུག་ལག་སློབ་དཔོན་ལའུ་ཧན་ཤིང་ (Lau Han Shiang) ལགས་སོགས་ཀྱིས་ལོ་རྒྱུས་ཉམས་ཞིབ་གནང་འབྲས་ལྟར་ལོ་རྒྱུས་ཐོག་བོད་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་པའི་ནན་བརྗོད་གནང་། འོན་ཀྱང་ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་བོད་མི་མང་གིས་བསམ་པ་གཅིག་མཐུན་ཐོག་ད་ཆ་བོད་རྒྱའི་དཀའ་རྙོག་སེལ་བར་དབུ་མའི་ལམ་གྱི་སྲིད་བྱུས་ནི་འོས་ཤིང་འཚམས་པའི་ཐབས་ལམ་ཞིག་ཏུ་ངོས་འཛིན་གནང་བཞིན་ཡོད་ཅེས་གསུངས།སྤྱིར་ལོ་རྒྱུས་ཐོག་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་དཔང་རྟགས་དུ་མ་བསྟན་རྒྱུ་ཡོད་ནའང་རྒྱ་ནག་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་དེ་ལོ་རྒྱུས་ཐོག་རྒྱ་ནག་གི་ཆ་ཤས་ཡིན་པའི་ངོས་འཛིན་གནང་དགོས་པའི་ཆ་རྐྱེན་བཏོན་ཡོད་པ་དང་། དེའི་ཐད་༸གོང་ས་མཆོག་གིས་ཐུགས་དཀྱེལ་ཡངས་པོས། ངོས་རང་ལོ་རྒྱུས་སྨྲ་བ་མིན། ལོ་རྒྱུས་ཀྱི་གནས་བབ་དེ་ལོ་རྒྱུས་སྨྲ་བར་བཞག་ཤོག ང་ཚོར་མཚོན་ན་གལ་ཆེ་ཤོས་དེ་བོད་མི་རིགས་ཀྱི་མ་འོངས་པའི་གནས་བབ་དེ་རེད་ཅེས་གསུངས་ཡོད་པ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དྲན་གསོ་གནང་བཞིན་གསུངས།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་བོད་རྒྱ་ཁོངས་ཡིན་པའི་ཁྱབ་གཏམ་དྲིལ་བསྒྲགས་རྒྱ་ཆེ་བྱེད་བཞིན་པའི་དམིགས་ཡུལ་ཐད་གསུང་དོན། རྒྱ་ནག་གཞུང་གིས་བོད་ཐོག་དབང་བསྒྱུར་དེ་ཁྲིམས་མཐུན་མིན་པ་ཤེས་ཀྱི་ཡོད་ཅིང་། ཁོ་ཚོས་དེ་ཉིད་རྒྱལ་སྤྱིའི་མི་མང་གི་རྒྱབ་སྐྱོར་ལ་བརྟེན་ནས་ཁྲིམས་མཐུན་བཟོ་ཐབས་རྩོམ་གྱི་ཡོད། འོན་ཀྱང་རྒྱ་ནག་གི་བོད་ཐོག་དབང་བསྒྱུར་དེ་རྒྱལ་སྤྱིའི་མི་མང་གིས་ཁྲིམས་མཐུན་བཟོ་ཐུབ་ཐབས་མེད། རྒྱ་ནག་གཞུང་ལ་ཁྲིམས་མཐུན་གྱི་གནས་བབ་བཟོ་མཁན་ངོ་མ་ནི་བོད་མི་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རེད། ཅེས་གསུངས་པ་དང་། ད་དུང་ཁོང་གིས་རྒྱལ་ཁབ་འགའ་ཤས་ཀྱིས་རྒྱ་ནག་ནང་ཁུལ་གྱི་གནད་དོན་ལ་ཁ་གཡར་ནས་བོད་དོན་ལ་ཁ་ཡ་མི་བྱེད་པ་དང་ཕྱོགས་གཅིག་ནས་བོད་རྒྱ་འབྲེལ་མོལ་ལ་རྒྱབ་སྐྱོར་ཡོད་ཚུལ་བཤད་པ་དེའི་རྐྱེན་གྱིས་བོད་མིའི་སེམས་ནང་འགལ་འདུའི་ཚོར་བ་ཡོང་གི་ཡོད་སྟབས། ཚོགས་འདུར་ཡོད་པའི་གྲོས་ཚོགས་འཐུས་མི་རྣམས་ནས་བོད་དེ་རྒྱ་ནག་གི་ཆ་ཤས་མིན་པའི་བརྡ་ལན་དེ་སོ་སོའི་རྒྱལ་ཁབ་དུ་བསྣམས་ནས་ཕེབས་དགོས་ཞེས་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིན་གྱིས་ཉེ་ལམ་སྙན་ཐོ་ནང་ཐོན་པ་ལྟར་བོད་ནང་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་བཙུགས་པ་སོགས་བོད་མིའི་ངོ་བོ་རྩ་མེད་བཟོ་རྒྱུའི་འཆར་གཞི་བཏིང་དང་འདིང་བཞིན་ཡོད་སྟབས་རྒྱལ་སྤྱིའི་མི་མང་གིས་རྒྱ་ནག་ལ་དྲི་རྩད་གནང་དགོས་པ་དང་། རྒྱ་ཡན་དུ་བཏང་ན་རྒྱ་ནག་ནམ་ཡང་གྲོས་མོལ་ལ་མཉམ་ཞུགས་བྱེད་མི་སྲིད་པས། ཚོགས་བཅར་བ་རྣམས་ནས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་པོའི་སྲིད་བྱུས་ལ་དྲི་རྩད་གནང་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།དེ་ཙམ་མ་ཟད་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཚོགས་བཅར་བ་རྣམས་ལ་བོད་ཀྱི་ཆུའི་ཐོན་ཁུངས་གཙོས་པའི་རང་བྱུང་ཁོར་ཡུག་གི་གལ་གནད་དང་། དེ་ཉིད་རྒྱ་ནག་གིས་ལོག་སྤྱོད་བྱེད་ཚུལ། དེ་ལ་བརྟེན་ནས་གཙང་ཆུ་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན་མི་མང་ས་ཡ་མང་པོའི་འཚོ་བར་དོ་ཕོག་འགྲོ་ཚུལ། དེ་བཞིན་རྒྱལ་སྤྱིའི་མི་མང་ནས་མི་རིགས་རྒྱ་སྒྱུར་གྱི་སྲིད་བྱུས་ལ་འཐབ་རྒོལ་ཆེད་ཤར་ཏུརྐིས་ཐན་ལ་ཤིན་ཅང་དང་། བོད་ལ་ཞི་ཙང་ (Xizang) ཞེས་འབོད་མི་རུང་བའི་སྐོར་གསལ་བཤད་གནང་བ་དང་སྦྲགས། ཁོང་གིས་ཡུ་གུར་བའི་ཚོགས་བཅར་བ་དུལ་ཀུན་ཨི་ས་(Dolkun Isa) ལགས་དང་། ཧོང་ཀོང་དང་ལྷོ་སོག་གི་བོད་ཀྱི་གྲོགས་པོ་རྣམས་ཚོགས་འདུར་ཕེབས་པར་དགའ་བསུ་གནང་ཡོད། རྗེས་འབྲེལ་ཁོང་རྣམ་པ་དང་བོད་ཀྱི་སྐུ་ཚབ་རྣམས་ནས་ཐུན་མོང་གི་ཁ་གཏད་ལ་མཉམ་རུབ་ཀྱིས་གདོང་ལེན་བྱེད་ཕྱོགས་ཀྱི་འཆར་གཞི་འཆར་འགོད་ཀྱི་གྲོས་བསྡུར་གནང་རྒྱུ་ཡིན་པ་རེད།ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་གནས་བབ་དང་འབྲེལ་ཏེ་༸གོང་ས་མཆོག་གི་ཡང་སྲིད་ཀྱི་དབང་ཚད་དང་ཐུགས་འགན་ཡོངས་རྫོགས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་མང་ལ་ཡོད་པ་ནན་བརྗོད་གནང་རྗེས་མཐར་འཛམ་གླིང་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཚོགས་བཅར་ཡོངས་ལ་ལེགས་གསོལ་བསྔགས་བརྗོད་གནང་ཡོད་པ་རེད།།