༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཕྱི་ལོ་ ༢༠༢༢ ཟླ་ ༠༦ ཚེས་ ༡༦ ཉིན་གྱི་སྔ་དྲོ་བཀའ་ཤག་གི་ཚོགས་ཁང་དུ་བལ་ཡུལ་རྣམ་རྒྱལ་མཐོ་སློབ་ནས་འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་ཕྲུག་གྲངས་ ༣༦ དང་། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཀུན་ཕན་བདེ་རྩ་ཚོགས་པའི་གོ་སྒྲིག་འོག་གུ་རུ་ཀུལ་ (Gurukul Programme) ཞེས་པའི་ལས་འཆར་གྱི་ཁོངས་གཏོགས་སུ་ཚུད་པའི་རྒྱ་གར་གྱི་མཐོ་སློབ་ཁག་ཏུ་འགྲིམ་བཞིན་པའི་སློབ་ཕྲུག་གྲངས་ ༢༨ བཅས་དང་ཐུག་འཕྲད་གནང་ཡོད།
སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སློབ་ཕྲུག་དེ་དག་ལ་བོད་ཀྱི་ལོ་རྒྱུས་སྤྱིའི་སྐོར་དང་། བོད་རྒྱ་གཉིས་དབར་ལོ་རྒྱུས་ཀྱི་འབྲེལ་བ་བྱུང་སྟངས། དེ་བཞིན་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་དབང་བསྒྱུར་བྱས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་སྐུ་འཁོར་ལྷན་རྒྱས་དང་། དེ་བཞིན་བོད་མི་ཁྲི་བརྒྱད་ཙམ་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་བ་དང་། དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་དུ་མང་གཙོའི་ལམ་སྲོལ་གསར་གཏོད་མཛད་པ་དང་། ཕྱི་ལོ་ ༡༩༦༠ ལོར་སྐབས་དང་པོའི་སྤྱི་འཐུས་ལྷན་ཚོགས་དབུ་བརྙེས་པ་སོགས་ཀྱི་སྐོར་གསུངས་ཡོད།གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་རེ་བ་བཟང་ས་ནས་རྒྱག་དགོས་པ་དང་། གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་ཕེབས་པ་ལྟར་མགོན་པོ་གང་ཉིད་མཆོག་གིས་རྒྱ་གར་གྱི་སྲིད་བློན་དང་པོ་ཇཝཱ་ཧར་ལལ་ནེཧ་རུ་ (Jawaharlal Nehru) མཆོག་གིས་གཙོས་རྒྱ་གར་གྱི་མངའ་སྡེ་ཁག་གི་སྤྱི་ཁྱབ་བློན་ཆེན་རྣམས་ལ་འབྲེལ་བ་གནང་སྟེ་བོད་མིའི་སྒྲིག་འཛུགས་དང་། བཙན་བྱོལ་བོད་མིའི་སློབ་གྲྭ། སྨན་རྩིས་ཁང་། གཞིས་ཆགས། དགོན་སྡེ་ཁག་སོགས་ཟུར་དུ་གསར་འཛུགས་གནང་བ་དང་། ཕྱི་ལོ་ ༢༠༡༡ ལོར་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ལ་རྩིས་སྤྲོད་མཛད་ཡོད་པ་སོགས་ཀྱི་སྐོར་གསུངས།ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་། ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག ། དེ་བཞིན་ཁྲིམས་ལུགས་དབང་འཛིན་དང་། ཁྲིམས་བཟོ་ལྷན་ཚོགས། འཛིན་སྐྱོང་བཀའ་ཤག་གི་ལས་དོན་གནང་ཕྱོགས་སྐོར་གསུངས་པ་མ་ཟད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་སྤྱི་འཐུས་གྲངས་ ༤༥ ཡོད་པ་དང་། ལོ་ལྔ་རེའི་མཚམས་སུ་འོས་བསྡུའི་ལམ་ནས་མི་མང་གིས་སྲིད་སྤྱི་གཉིས་ཀྱི་འོས་ཤོག་འཕེན་གྱི་ཡོད་པ། རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་རེ་རེར་ས་གནས་འགོ་འཛིན་རེ་ཡོད་པ། མ་འོངས་པར་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ནང་འཛིན་སྐྱོང་གནང་ཕྱོགས་མཐའ་དག་ཤོག་བུའི་སྟེང་ནས་མིན་པར་དྲ་ཐོག་ནས་འཛིན་སྐྱོང་གནང་རྒྱུ་ཡིན་པ་སོགས་ཀྱི་སྐོར་གསུངས་རྗེས་སློབ་ཕྲུག་གི་དྲི་བ་ཁག་ལ་ལན་འདེབས་ཁ་གསལ་གནང་ཡོད་པ་བཅས།།