༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༦ ཚེས་ ༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་སྐབས་ས་གནས་ཀྱི་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་པ་ཁག་ ༢༦ གི་སྐུ་ཚབ་དང་། དེ་བཞིན་སློབ་གྲྭའི་སློབ་སྤྱི་དང་དགེ་ཆེ་རྣམ་པ། སེར་སྐྱ་མང་ཚོགས་སོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དཔལ་ལྡན་འབྲས་སྤུངས་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་ཡ་གྱལ་ཚན་རིག་བསྟི་གནས་ཁང་དང་། དཔལ་ལྡན་འབྲས་སྤུངས་བློ་གསལ་བྱེ་བའི་གླིང་གྲྭ་ཚང་། དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་། འབྲས་སྤུངས་སྒོ་མང་སློབ་གྲྭ། དཔལ་ལྡན་འབྲས་སྤུངས་བདེ་ཡངས་གྲྭ་ཚང་། དཔལ་ལྡན་ས་སྐྱ་བརྩེ་ཆེན་མདོ་སྔགས་ཆོས་གླིང་། ཡན་ལག་སྨན་རྩིས་ཁང་། དཔལ་ལྡན་རྭ་སྟོད་གྲྭ་ཚང་། དཔལ་ལྡན་བཀའ་བརྒྱུད་འབོ་དཀར་ཐོས་བསམ་ནོར་གླིང་དགའ་ཚལ། རྙིང་དགོན་གསང་སྔགས་ཆོས་འཁོར་གླིང་བཅས་ལ་རིམ་གྱིས་འཚམས་གཟིགས་སུ་ཕེབས་ཡོད།ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༤༥ ཐོག་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་སྟོད་སྤུ་ཧྲེང་བཤད་འཕེལ་གླིང་གྲྭ་ཚང་དང་། ས་དགོན་བརྩེ་ཆེན་དམ་ཆོས་གླིང་། སཾ་བྷོ་ཊ་གཞི་རིམ་སློབ་གྲྭ་བཅས་ལ་འཚམས་གཟིགས་སུ་ཕེབས་པ་དང་། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་ས་འགོའི་ཁྱབ་ཁོངས་དཔེ་སྟོན་ཞིང་ལས་འདེབས་ས་དང་། ས་གནས་འཕྲོད་བསྟེན་སྨན་ཁང་། བོད་ནས་གསར་དུ་ཕེབས་པ་རྣམས་ཀྱི་ཆེད་ཁང་པ་གསར་རྒྱག་གི་ལས་གཞི་བཅས་ལ་གཟིགས་ཞིབ་གནང་བ་མ་ཟད། བཙུན་དགོན་བྱང་ཆུབ་ཆོས་གླིང་དང་། གཞིས་གྲོང་བཅུ་པ། རྒས་གསོ་ཁང་། སྔ་འགྱུར་རྙིང་དགོན་ནམ་མཁའ་ཁྱུང་རྫོང་། མཐོ་ལྡིང་པད་མའི་ཚལ་དགོན་པ། དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་། དགའ་ལྡན་ཤར་རྩེ་ནོར་གླིང་གྲྭ་ཚང་བཅས་ལ་འཚམས་གཟིགས་གནང་རྗེས་གཞིས་གྲོང་དང་པོའི་ས་སྐྱ་དགོན་པ་བཅས་ཀྱི་དགེ་འདུན་འདུས་མང་ཡོངས་ལ་གསུང་བཤད་གནང་ཡོད།ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༠༠ ཐོག་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྩི་ཤིང་འདེབས་ལས་དང་སྒོ་ཕྱུགས་གསོ་སྐྱོང་ཁང་བཅས་ལ་གཟིགས་ཞིབ་དང་། དེ་བཞིན་༧རྒྱལ་བའི་ཕོ་བྲང་དུ་གནས་གཟིགས་དང་། ས་གནས་དམག་ཟུར་ཚོགས་པ་དང་། ས་འཐུས་ལས་ཁང་། ས་གནས་འགོ་འཛིན་ལས་ཁུངས། ས་གནས་རང་ཚོགས་ལས་ཁུངས། མཉམ་འབྲེལ་ལས་ཁུངས། ཞི་བ་འཚོ་དཔེ་མཛོད་ཁང་། ས་གནས་བུད་མེད་ཚོགས་པའི་ལས་ཁུངས་། སཾ་བྷོ་ཌ་སློབ་གྲྭ་དབུས་མ། གཞིས་གྲོང་ ༣ པའི་ཡན་ལག་སྨན་རྩིས་ཁང་། ས་གནས་གཞོན་ནུའི་ཚོགས་ཁང་། ས་གནས་ལྷ་མོ་ཚོགས་ཁང་། པདྨ་ཚལ་སློབ་ཕྲུག་ཉལ་ཁང་བཅས་ལ་འཚམས་གཟིགས་གནང་བ་མ་ཟད། མོན་གྷོ་འདོད་རྒུ་གླིང་གི་ཉེ་འགྲམ་རྒྱ་གར་གྲོང་གསེབ་ཧུན་གྷུར་ཌ་སློབ་གྲྭར་ཆར་ཆུ་བདག་གཅེས་ལས་གཞི་ལེགས་གྲུབ་ཟིན་པར་དབུ་འབྱེད་གནང་རྗེས་ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་མོན་གྷོ་འདོད་རྒུ་གླིང་མི་མང་ཚོགས་ཁང་ནང་མང་ཚོགས་ལ་གསུང་བཤད་དང་མང་ཚོགས་ཀྱི་དྲི་བར་ལན་འདེབས་གནང་ཡོད།
ཕྱི་ཚེས་ ༡༡ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༦།༢༥ ཐོག་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་མོན་གྷོ་འདོད་རྒུ་གླིང་གི་རྐང་རྩེད་སྤོ་ལོའི་རྩེད་ཐང་དུ་ཆེད་ཕེབས་ཀྱིས་ས་གནས་གཞོན་སྐྱེས་རྩེད་རིགས་ཚོགས་པའི་ཚོགས་མི་རྣམས་དང་ཐུག་འཕྲད་དང་། དེ་རྗེས་སྤྱན་རས་གཟིགས་གླིང་དྭ་ཕྲུག་གསོ་སྐྱོང་ཁང་དུ་འཚམས་གཟིགས་སུ་ཕེབས་ཡོད།དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འབྲས་སྤུངས་དང་དགའ་ལྡན་བླ་སྤྱིར་གྲྭ་ཚང་སོ་སོའི་མཁན་པོ་དང༌། མཁན་ལས་ཟུར། དེ་བཞིན་དགེ་འདུན་འདུས་མང་ཡོངས་ལ་གསུང་བཤད་གནང་སྐབས་གཙོ་བོ་བཀའ་ཤག་སྐབས་བཅུ་དྲུག་པའི་ངོས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཀྱིས་གཏན་ལ་ཕབ་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་རྒྱ་ནག་གཞུང་དང་མཉམ་དུ་འབྲེལ་གཏུག་གྲོས་མོལ་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་རྒྱུ་དང་བོད་མིའི་བདེ་སྡུག་ལ་ལྟ་རྟོག་གནང་རྒྱུའི་སྐོར་དང་། རྒྱ་ནག་གཞུང་དང་མཉམ་དུ་འབྲེལ་གཏུག་གྲོས་མོལ་བྱེད་པར་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་ངོ་མ་དེ་ཤེས་རྟོགས་དགོས་པ། གཏན་འཇགས་ཐབས་བྱུས་ཚོགས་ཆུང་གསར་འཛུགས་གནང་སྟེ་བོད་ནང་གི་དངོས་ཡོད་གནས་ཚུལ་ལ་ཞིབ་འཇུག་གནང་བཞིན་པ་སོགས་ཀྱི་སྐོར་གསུངས་པ་མ་ཟད། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་པའི་གཞོན་སྐྱེས་རྣམས་ཀྱིས་སོ་སོ་གནས་ཡུལ་རྒྱལ་ཁབ་ཀྱི་གཞུང་དང་གྲོས་ཚོགས་ཀྱི་འགྲོ་སྟངས། དེ་བཞིན་སྐད་ཡིག་བཅས་མཁྱེན་གྱི་ཡོད་སྟབས། བཀའ་ཤག་སྐབས་ ༡༦ པའི་ངོས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་པའི་གཞོན་སྐྱེས་ཚོར་དམིགས་ཏེ་བོད་ཀྱི་བདེན་པའི་འཐབ་རྩོད་རྒྱུན་སྐྱོང་དང་ཚགས་ཚུད་ཡོང་སླད་ལས་གཞི་གསར་པ་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་དབུ་འཛུགས་གནང་བ་བཅས་ཀྱི་སྐོར་གསུངས་ཡོད།དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ནས་གསར་དུ་ཕེབས་པའི་བོད་མི་གྲངས་ ༡༩༩༩ དང་། འཕགས་བོད་ས་མཚམས་ཁུལ་དུ་གནས་སྡོད་བྱེད་མཁན་བོད་མི་རྣམས་ལ་སྡོད་ཁང་གི་དཀའ་ངལ་འཕྲད་བཞིན་ཡོད་པར་བརྟེན་ཁོང་ཚོའི་དཀའ་ངལ་སེལ་ཐབས་དང་། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་ས་ཆ་བེད་སྤྱོད་མ་བྱེད་པར་བཞག་ཡོད་པ་རྣམས་བོད་མིའི་སྒྲིག་འཛུགས་ལ་གནང་ཐུབ་ན་དགེ་མཚན་ཆེ་བའི་སྐོར་དང་། མ་འོངས་པར་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ནང་འཛིན་སྐྱོང་གནང་ཕྱོགས་མཐའ་དག་ཤོག་བུའི་སྟེང་ནས་མིན་པར་དྲ་ཐོག་ནས་འཛིན་སྐྱོང་གནང་རྒྱུ་ཡིན་པ། འཛིན་སྐྱོང་བཀའ་ཤག་གི་མ་འོངས་ལས་འཆར་ཁག་ཚད་དང་ལྡན་པ་ལག་བསྟར་བྱ་སླད་བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་གནང་རྒྱུ་ཡིན་པ་སོགས་ཀྱི་སྐོར་གསུངས་ཡོད།ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དྲི་བ་ཁག་ལ་ལན་འདེབས་གནང་སྐབས་བཙན་བྱོལ་བོད་མིའི་དགོན་སྡེ་ཁག་ཏུ་གྲྭ་བཙུན་ཇེ་ཉུང་དུ་འགྲོ་བཞིན་པའི་རྒྱུ་མཚན་གཙོ་བོ་ནི། ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བར་བརྟེན་བོད་ནས་གསར་དུ་ཕེབས་མཁན་ཉུང་དུ་ཕྱིན་པ་དང་། བཙན་བྱོལ་བོད་མི་རྣམས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་གཞིས་སྤོ་བ། ཕྲུ་གུ་སྐྱེ་ཚད་ཉུང་དུ་ཕྱིན་པ་བཅས་ལ་བརྟེན་ནས་ཡིན་སྐོར་དང་། ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་མི་རིགས་དང་བོད་མི་རྣམས་ཆོས་དང་རིག་གཞུང་གི་ཐད་ནས་གཅིག་མཚུངས་ཆགས་ཡོད་སྟབས་ཧི་མ་ལ་ཡའི་གྲྭ་བཙུན་རྣམས་ཀྱིས་བོད་བརྒྱུད་ནང་བསྟན་མི་ཉམས་རྒྱུན་འཛིན་གནང་ཐུབ་ངེས་ཡིན་པ་སོགས་ཀྱི་སྐོར་གསུང་བཤད་གནང་སྟེ་ཐེངས་འདིའི་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་ལེགས་པར་མཇུག་སྒྲིལ་གནང་ཡོད་པ་བཅས།།