༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་སྐབས་ས་གནས་འགོ་འཛིན་དང་། ས་འཐུས་ཚོགས་གཙོ། བརྒྱ་དཔོན་སོགས་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ། དེ་བཞིན་སེར་སྐྱ་མང་ཚོགས་སོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༤༥ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་རྫོགས་ཆེན་དགོན་པར་གནས་གཟིགས་ཕེབས་པ་དང་། སྐབས་དེར་ཕྱོགས་བཞུགས་རྙིང་མའི་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་དང་དགོན་པའི་འབྲེལ་ཡོད་དོ་དམ་པ་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་དང་། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་སྔ་འགྱུར་སྟག་གཤམ་ཨོ་རྒྱན་བསམ་གཏན་ཆོས་གླིང་དང་། ས་སྐྱ་དགོན་པ། སེར་སྨད་ཟེ་ཕུག་དགོན་པ། བཀྲ་ཤིས་དར་རྒྱས་དགོན་པ། རྟ་རྣ་དགོན་པ། དཔལ་རི་དགོན་བསམ་གྲུབ་ཆོས་འཁོར་གླིང་། གསར་དུ་བཞེང་བཞིན་པའི་སྔ་འགྱུར་ཨོ་རྒྱན་བཀའ་གཏེར་རབ་རྒྱས་གླིང་། འབྲི་གུང་བཀའ་བརྒྱུད་དགོན་པ་བཅས་ལ་གནས་གཟིགས་ཕེབས་པ་མ་ཟད། ས་གནས་སམ་བྷོ་ཊ་སློབ་གྲྭ་དང་། སྨན་རྩིས་ཁང་། འཕྲོད་བསྟེན་སྨན་ཁང་། ཀོ་ལེ་གྷལ་དོན་ལྡན་གླིང་གི་གཞིས་གྲོང་ཁག་ ༡༡ བཅས་ལ་འཚམས་གཟིགས་སུ་ཕེབས་ཡོད།ཕྱི་ཚེས་ ༧ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཀོ་ལེ་གྷལ་དོན་ལྡན་གླིང་གི་གཞིས་གྲོང་ལྷག་མ་ ༡༡ ལ་འཚམས་གཟིགས་དང་། དེ་བཞིན་ས་གནས་འཐུས་ཚོགས་དང་། ས་གནས་འགོ་འཛིན་ལས་ཁུངས། མཉམ་འབྲེལ་དང་ཁྱབ་ཁོངས་སྡེ་ཚན་ཁག ས་གནས་རང་བདེན་ཚོགས་ཆུང་། ས་གནས་བུད་མེད་ལྷན་ཚོགས། ས་གནས་གཞོན་ནུ་ལྷན་ཚོགས། ས་གནས་ལྷ་མོ་རུ་ཁག་དང་བཅས་པར་འཚམས་གཟིགས་དང་། དེ་བཞིན་ལུས་རྩེད་ཁང་དང་། གླང་ཆེན་འགོག་བྱེད་ཀྱི་ར་སྐོར་བཅས་ལ་ཡང་གཟིགས་ཞིབ་གནང་ཡོད། ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཉེ་ཆར་ཉམས་གསོ་བྱས་པའི་དོན་ལྡན་གླིང་རྒན་རྒོན་གཟིགས་སྐྱོང་ཁང་དང་། དོན་ལྡན་གླིང་མགྲོན་ཁང་། དོན་ལྡན་གླིང་གཞིས་སྤྱིའི་མི་མང་ཚོགས་ཁང་ཆེན་མོ་གསར་བཞེངས་ལེགས་གྲུབ་བྱུང་བ་བཅས་དབུ་འབྱེད་གནང་ཡོད།གོང་ཚེས་ཉིན་གྱི་སྔ་དྲོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དོན་ལྡན་གླིང་གཞིས་ཆགས་ཀྱི་མང་ཚོགས་ལ་གསུང་བཤད་གནང་སྐབས་གཙོ་བོ་སྲིད་སྐྱོང་གི་ཐུགས་འགན་བཞེས་རྗེས་ཐོག་མར་ལ་དྭགས་སུ་ཡོད་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང་། རིམ་པས་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་དགོན་སྡེ་དང་སློབ་གྲྭ་ཁག་ཚུད་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ ༢༥ ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཏེ་བཀའ་ཤག་སྐབས་བཅུ་དྲུག་གི་དམིགས་ཡུལ་དང་ལས་དོན་གནང་ཕྱོགས། དེ་བཞིན་མང་ཚོགས་ཀྱི་དཀའ་ངལ་དང་དགོས་མཁོའི་སྐོར་རྒྱུས་ལོན་གནང་འགོ་བཙུགས་ཟིན་པའི་སྐོར་གསུངས་ཡོད།གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོ་གསོལ་རས་སྩལ་བའི་སྐོར་དང་། མི་རབས་རྒན་པ་རྣམས་ཀྱིས་ཧ་ཅང་སྐུ་ལས་བསྐྱོན་ཡོད་སྟབས་ད་ཆ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཉིད་ཧྲ་ཏག་ཏག་ཡོད་པ། བཀའ་ཤག་སྐབས་བཅུ་དྲུག་པའི་འཆར་གཞི་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཀྱིས་གཏན་ལ་ཕབ་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་རྒྱ་ནག་གཞུང་དང་མཉམ་དུ་འབྲེལ་གཏུག་གྲོས་མོལ་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་རྒྱུ་དང་བོད་མིའི་བདེ་སྡུག་ལ་ལྟ་རྟོག་གནང་རྒྱུ་སོགས་ཀྱི་སྐོར་གསུངས་ཡོད།
ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་འཛམ་གླིང་མི་མང་ལ་བོད་དབང་བསྒྱུར་བྱས་པ་དེ་ཁྲིམས་མཐུན་ཡིན་ཚུལ་དང་། བོད་ཀྱི་ལོ་རྒྱུས་སྐོར་འཁྱོག་བཤད་དྲིལ་བསྒྲགས་བྱེད་ཀྱི་ཡོད་པས། བོད་མི་ཚོས་བོད་ནི་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་ཤེས་རྟོགས་བྱེད་དགོས་པའི་གལ་གནད་དང་། སྐུ་ཞབས་མེ་ཀལ་ཝན་ལྦལ་ཊ་པཱ་རག་(Micheal van Walt van Praag) མཆོག་གིས་དེ་སྔ་བོད་ཀྱི་གནས་བབ་ཅེས་པའི་དཔེ་དེབ་ཅིག་བརྩམས་ཡོད་པ་དང་། ཉེ་ཆར་ཁོང་གིས་བོད་ཀྱི་གནས་ཚུལ་གནད་བསྡུས་ (The Tibet Brief 20/20) ཞེས་པའི་དཔེ་དེབ་ཅིག་བརྩམས་པའི་ནང་སྔ་མོ་བོད་ཀྱི་ལོ་རྒྱུས་ནང་བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། རྒྱ་ནག་གི་ཆ་ཤས་སུ་ནམ་ཡང་ཆགས་མྱོང་མེད་པ་གསལ་ཡོད་ལ། རྒྱ་ནག་གིས་ནམ་ཡང་བོད་ཀྱི་བདག་དབང་བཟུང་མྱོང་མེད། ཅེས་འཁོད་ཡོད་པའི་སྐོར་དང་། བོད་རྒྱའི་དཀའ་རྙོག་སེལ་བར་བོད་ཀྱི་ལོ་རྒྱུས་ངོ་མ་གང་ཡིན་པ་ཤེས་རྟོགས་བྱེད་དགོས་པའི་གལ་གནད་སྐོར་གསུངས་པ་མ་ཟད། འཛིན་སྐྱོང་བཀའ་ཤག་གི་མ་འོངས་ལས་འཆར་ཁག་ཚད་དང་ལྡན་པ་ལག་བསྟར་བྱ་སླད་བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་གནང་རྒྱུ་ཡིན་པ་དང་། གཏན་འཇགས་ཐབས་བྱུས་ཚོགས་ཆུང་གསར་འཛུགས་གནང་བ། བཀའ་ཤག་སྐབས་ ༡༦ པའི་ལས་གཞི་གསར་པ་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་དབུ་འཛུགས་གནང་བ། ཁང་པ་མེད་མཁན་རྣམས་ཀྱི་དཀའ་ངལ་སེལ་ཐབས། དཀྲོག་གཏམ་རིགས་ལ་མགོ་འཁོར་ནས་མ་བསྡད་པར་སྤྱི་པའི་སླད་དུ་ཚང་མས་རྡོག་རྩ་གཅིག་སྒྲིལ་དང་ནུས་པ་མཉམ་སྤུངས་གནང་དགོས་པ། སྤྱི་ཚོགས་འཁྲུག་རྐྱེན་སློང་བྱེད་དཀྲོག་གཏམ་རིགས་ལ་མགོ་འཁོར་ནས་བསྡད་ན་དེ་ནི་རྒྱ་ནག་ལ་དགོས་པའི་ལག་ཆ་ཆགས་ངེས་ཡིན་པ་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དོན་ལྡན་གླིང་གཞིས་ཆགས་ཀྱི་མང་ཚོགས་ལ་གསུང་བཤད་དང་། དེ་བཞིན་དྲི་བར་གསལ་བཤད་དང་ལན་འདེབས་ཁ་གསལ་གནང་ནས་ཐེངས་འདིར་ས་གནས་སུ་གཞུང་འབྲེལ་འཚམས་གཟིགས་ལས་རིམ་ཁག་ལེགས་པར་གྲུབ་རྗེས་མེ་སོར་གྲོང་ཁྱེར་(Mysore) དུ་འཚམས་གཟིགས་ཕེབས་ཏེ་མེ་སོར་གྲོང་ཁྱེར་དུ་མཐོ་རིམ་སློབ་གྲྭར་འགྲིམ་བཞིན་པའི་བོད་པའི་སློབ་ཕྲུག་ཁག་གཅིག་ལ་ཐུག་འཕྲད་དང་སློབ་མ་ཚོའི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས།།