༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༠༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་ལྷོ་ཕྱོགས་བདེ་སྐྱིད་སླར་གསོ་བོད་མིའི་གཞིས་ཆགས་ཀྱི་ཚོགས་ཁང་དུ་ལུགས་བདེ་གཉིས་ཀྱི་ལས་སྣེ་རྣམ་པས་གཙོས་མང་ཚོགས་ལ་གསུང་བཤད་གནང་ཡོད།
དེ་ཡང་ཐོག་མར་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་དུ་གཞུང་འབྲེལ་འཚམས་གཟིགས་གནང་སྐབས་ཀརནཱ་ཊཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་བྷ་ས་ཝ་རཱཇཱ་བྷུ་མའེ་ (Shri. Basavaraj Bommai) མཆོག་དང་ལྷན་མཇལ་འཕྲད་ཀྱིས་མངའ་སྡེའི་གཞུང་མང་གཉིས་ནས་ད་བར་ས་གནས་སུ་གནས་སྡོད་བོད་མི་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་གང་ལེགས་གནང་དང་གནང་མུས་ལ་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་པའི་སྐོར་དང་། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཀརནཱ་ཊཀ་མངའ་གཞུང་གི་འཁྱུར་ལ་ཉེ་བའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་པི་ར་ཝི་ཀུ་མར་ (Shri P Ravi Kumar) ལགས་དང་ལྷན་མཇལ་འཕྲད་གནང་ཞིང་། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྐུ་ཞབས་ཁོང་གི་ལས་ཡུན་རིང་མངའ་སྡེའི་གཞུང་ནས་ས་གནས་སུ་གནས་སྡོད་བོད་མི་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་སོགས་ཀྱི་སྐོར་ངོ་སྤྲོད་གནང་ཡོད།ཐེངས་འདིའི་འཚམས་གཟིགས་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལུགས་ཟུང་བསམ་གྲུབ་གླིང་དང་བདེ་སྐྱིད་སླར་གསོ་བོད་མིའི་གཞིས་ཆགས་ཀྱི་གཞིས་གྲོང་རེ་རེར་འཚམས་གཟིགས་སུ་ཕེབས་ཏེ་ས་གནས་མི་མང་ལ་གཞུང་འབྲེལ་འཚམས་གཟིགས་ལ་ཕེབས་དགོས་པའི་དམིགས་ཡུལ་ངོ་སྤྲོད་དང་། སྦེལ་ཀོབ་སྐྱེ་ལྡན་སོ་ནམ་ཉམས་ཞིབ་དང་སྦྱོང་བརྡར་ཁང་དང་དཔེ་གསར་སྐྱུར་འབྲས་ལས་གཞི་བཅས་སུ་འཚམས་གཟིགས་དང་ལས་ཁུངས་གསར་རྒྱག་གི་རྨང་རྡོ་ཞལ་ཕྱེ་གནང་ཡོད།
ཉིན་རྒྱབ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཚོ་བྱེད་སྨན་ཁང་དང་། ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་། དམག་ཟུར་ཚོགས་པ། ཡན་ལག་སྨན་རྩིས་ཁང་། ས་གནས་རང་བདེན་ཚོགས་ཆུང་། སྦེལ་ཀོབ་དབུ་མའི་ལམ་བོད་ཀྱི་གཞོན་ནུ་ཚོགས་པའི་རྒྱུན་ལས་ཁང་། ལུགས་བསམ་གྲོང་སྡེ་དང་པོ། བོད་མིའི་སྤྱི་མཐུན་མཉམ་འབྲེལ་དང་ཕན་བདེ་དགའ་ཚལ་བཅས་ལ་འཚམས་གཟིགས་སུ་ཕེབས་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ས་གནས་ཀྱི་གཞིས་མི་མང་ཚོགས་ལ་གསུང་བཤད་གནང་སྐབས་གཙོ་བོ་བོད་མི་ཚོས་ས་གནས་རྒྱ་གར་ཡུལ་མི་དང་འཆམ་མཐུན་གནང་དགོས་པའི་གལ་གནད་དང་། རྒྱ་གར་གཞུང་མང་གཉིས་ཀྱི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བཙན་བྱོལ་བོད་མི་རྣམས་ཀྱིས་བོད་པའི་ཆོས་དང་། རིག་གཞུང་། སྐད་ཡིག ངོ་བོ་དང་བཅས་པ་མི་ཉམས་རྒྱུན་འཛིན་གནང་ཐུབ་ཡོད་པའི་སྐོར་གསུངས་ཡོད།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་ཤག་སྐབས་དྲུག་པའི་ངོས་ནས་ཕྱི་གསལ་ནང་གསལ་གནང་སྟེ་ཕྱག་ལས་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཀྱིས་གཏན་ལ་ཕབ་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་རྒྱ་ནག་གཞུང་དང་མཉམ་དུ་འབྲེལ་གཏུག་གྲོས་མོལ་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་རྒྱུ་དང་བོད་མིའི་བདེ་སྡུག་ལ་ལྟ་རྟོག་གནང་རྒྱུ་སོགས་ཀྱི་སྐོར་གསུངས་པ་མ་ཟད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་འགན་ཁུར་བའི་ཐོག་ནས། གྲོས་ཚོགས་ཀྱི་ལས་དོན་ཁག་ལ་མཐུན་འགྱུར་གང་ཡོད་ཞུ་རྒྱུ་སོགས་ཀྱི་སྐོར་གསུངས་ཡོད།གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཁང་གླ་སྤྲད་ནས་སྡོད་མཁན་བོད་མི་རྣམས་ཀྱི་དཀའ་ངལ་སེལ་ཐབས་དང་། འཛིན་སྐྱོང་བཀའ་ཤག་གི་མ་འོངས་ལས་འཆར་ཁག་ཚད་དང་ལྡན་པ་ལག་བསྟར་སླད་བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་གནང་རྒྱུ་ཡིན་པ། གཏན་འཇགས་ཐབས་བྱུས་ཚོགས་ཆུང་གསར་འཛུགས་གནང་བ། བཀའ་ཤག་སྐབས་ ༡༦ པའི་ལས་གཞི་གསར་པ་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།
དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཉིན་རྒྱབ་ཆུ་ཚོད་ ༣ པའི་ཐོག་བདེ་སླར་ཁྱབ་ཁོངས་ཅོ་ཀུར་གཞིས་གྲོང་བཅོ་ལྔ་དང་། བཅུ་དྲུག་གཉིས་ལ་འཚམས་གཟིགས་དང་འབྲེལ། དེ་གའི་མང་ཚོགས་ལ་གསུང་བཤད་གནང་ཡོད་པ་དང་། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ཀྱི་གསོལ་མགྲོན་ཁང་གི་ལས་བྱེད་རྣམས་དང་སྦེལ་ཀོབ་གཏན་སློབ་ཀྱི་དགེ་རྒན་བགྲེས་ཡོལ་ཕེབས་པ་ཁག་གཅིག་དང་ཐུག་འཕྲད་གནང་ཡོད་པ་བཅས།།