༄༅། །འདི་གར་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་གྲོང་ཁྱེར་དུ་ལོ་བསྟར་ཆགས་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་འཚོགས་ཏེ་དོན་ཁང་ཁྱབ་འོག་གངས་ལྗོངས་དཔེ་སྐྲུན་ཁང་ནས་པར་སྐྲུན་ཞུས་པའི་དཔེ་དེབ་ཁག་འགྲེམས་སྟོན་ནང་མཉམ་ཞུགས་ཞུས་ཀྱི་ཡོད་ཀྱང་ནད་ཡམས་རྐྱེན་གྱིས་ལོ་གཉིས་རིང་འགྲེམས་སྟོན་འཚོགས་མ་ཐུབ་པ་རེད།
ད་ལོ་ཕྱི་ཟླ་ ༦ ཚེས་ ༢ ནས་ ༧ བར་ཉིན་གྲངས་དྲུག་རིང་དཔེ་དེབ་འགྲེམས་སྟོན་གྱི་ལས་གཞི་སླར་ཡང་སྤེལ་མགོ་བརྩམས་པ་དང། དོན་ཁང་ཁྱབ་ཁོངས་གངས་ལྗོངས་དཔེ་སྐྲུན་ཁང་གི་དེབ་རིགས་འགྲེམས་སྟོན་དུ་མཉམ་ཞུགས་ཞུས་པ་མ་ཟད། ཕྱི་ཟླ་ ༦ ཚེས་ ༣ ཉིན་རྒྱབ་ཚོུད་ ༣ པ་ནས་ ༤ པའི་བར་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ནས་རྒྱ་ནག་སྐམ་ས་ཆེན་པོར་པར་སྐྲུན་བྱ་ཐབས་བྲལ་བའི་རྒྱ་ཡིག་གི་དཔེ་དེབ་ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང། མང་ཚོགས་ཀྱི་དྲི་བ་ར་ལན་འདེབས་གནང་བ་མ་ཟད། གཏམ་བཤད་ཀྱི་ལས་གཞི་དེ་ཐའེ་སྡོད་བོད་རིགས་ཚོགས་པའི་ངོ་དེབ་ཐོག་ཡོངས་གྲངས་ཐད་གཏོང་ཞུས་ཡོད།དེ་ཡང་སྐུ་ཚབ་དོན་གཅོད་ལགས་ནས་རྒྱ་ནག་གཞུང་གིས་དཔེ་དེབ་པར་སྐྲུན་ལ་ཞིབ་བཤེར་འགོག་བསྡོམས་བྱས་པའི་སྲིད་བྱུས་དཔེ་མཚོན་དང་བཅས་ངོ་སྤྲོད་བྱས་རྗེས། གངས་ལྗོངས་དཔེ་སྐྲུན་ཁང་ནས་ཆེད་དུ་དཀའ་ལས་བརྒྱབ་སྟེ་རྒྱ་ཡིག་ཐོག་བོད་དོན་དང་འབྲེལ་བའི་དེབ་ཁག་པར་སྐྲུན་བྱེད་དགོས་པའི་དགོས་དམིགས་དང་ཕུགས་འཕེར་གྱི་འཐབ་བྱུས། མ་འོངས་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ཇི་ལྟར་ལྡན་རྒྱུ་ཡིན་པ་སོགས་ངོ་སྤྲོད་བྱས་པ་མ་ཟད། ད་ལྟའི་ཆར་རྒྱ་ཡིག་སྤྱི་ཚོགས་ནང་བོད་དོན་དང་འབྲེལ་བའི་རྒྱ་ཡིག་དཔེ་དེབ་པར་སྐྲུན་བྱེད་ས་ཐའེ་ཝན་གཅིག་པུ་ལས་ལྷག་མེད་སྟབས་ཐའེ་ཝན་གཞུང་མང་གཉིས་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང། དེབ་དེ་འདྲ་མང་པོ་པར་སྐྲུན་ཞུས་ཐུབ་པ་གཙོ་བོ་དཔེ་སྐྲུན་ཁང་གི་དང་བླངས་ལས་མི་ཚོར་རག་ལུས་ཡོད་སྟབས་ཐུགས་རྗེ་ཆེ་ཞུ་ཞེས་གསུངས།དཔེ་དེབ་ངོ་སྤྲོད་སྐབས་སྐུ་ཚབ་དོན་གཅོད་ལགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་བའི་དཔེ་དེབ། བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་དཔེ་དེབ། ཆོས་དང་རིག་གཞུང་དང་འབྲེལ་བའི་དཔེ་དེབ། ངག་རྒྱུན་ལོ་རྒྱུས་དང་འབྲེལ་བའི་དཔེ་དེབ། ཤེས་ཡོན་དང་ཁོར་ཡུག་དང་འབྲེལ་བའི་དཔེ་དེབ། རྒྱ་མིས་བྲིས་པའི་དེབ། ཐའེ་ཝན་མིས་བྲིས་པའི་དེབ། བོད་མིས་བྲིས་པའི་དེབ། བོད་རྒྱ་འབྲེལ་ལམ་དང་འབྲེལ་བའི་དེབ་བཅས་ལེ་ཚན་ཁག་བརྒྱད་དུ་དབྱེ་སྟེ་དེབ་རེ་རེའི་ནང་དོན་སྙིང་བསྡུས་ངོ་སྤྲོད་ཞུས་ཡོད་པ་རེད། ད་ཐེངས་ཀྱི་དཔེ་དེབ་འགྲེམས་སྟོན་དེར་དཔེ་སྐྲུན་ཁང་ ༣༠༠ ལྷག་མཉམ་ཞུགས་ཞུས་ཡོད་པ་དང། དཔེ་དེབ་འགྲེམས་སྟོན་ནང་ཡུ་ཀི་རིན་གྱི་འགྲེམས་སྟོན་ལ་དོ་སྣང་ཆེན་པོ་གནང་ཡོད་པ་དང། དབུ་འབྱེད་མཛད་སྒོར་ཐའེ་ཝན་སྲིད་འཛིན་སྐུ་གཞོན་དང། རིག་གཞུང་བློན་ཆེན། ཕཱ་རན་སིའི་གཞུང་ཚབ་སོགས་མཉམ་ཞུགས་ཞུས་ཡོད་པ་རེད།།