༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༠༦ ཚེས་ ༠༤ ཉིན་ཉི་ཧོང་རྒྱལ་ས་ཊོག་ཡོར་ཕྱི་ལོ་ ༡༩༨༩ ཟླ་ ༦ ཚེས་ ༤ ཉིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྒྱ་ནག་གཞུང་གིས་མང་གཙོ་དང་རང་དབང་དོན་དུ་ཞི་བའི་ངོ་རྒོལ་གནང་མཁན་རྣམས་སྡེབ་གསོད་བཏང་བའི་དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་ ༣༣ འཁོར་བའི་རྗེས་དྲན་མཛད་སྒོར་སྲུང་བརྩི་ཞུས་འདུག
དེ་ཡང་ཐོག་མར་ཉི་ཧོང་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ཞི་བའི་ངོ་རྒོལ་དང་། དེ་རྗེས་བྷོན་ཀྱོ་ཀུ་ཚོགས་ཁང་དུ་གསུང་བཤད་ལས་རིམ། ཕྱི་དྲོ་མར་མེ་ཁྲོམ་སྐོར་བཅས་གོ་སྒྲིག་གནང་ཡོད་པ་དང་། སྐབས་དེར་གོ་སྒྲིག་པས་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་གསུང་བཤད་ཀྱི་ལས་རིམ་དུ་མགྲོན་འབོད་ཞུས་འདུག སྐབས་དེར་རྒྱ་ནག་མང་གཙོ་ལས་འགུལ་ཚོགས་པའི་ཚོགས་གཙོ་ཨུ་ཐའི་ (Ou Tai) ལགས་དང་། དུས་དེབ་དང་གསར་ཤོག་ནང་འཆར་ཅན་རྩོམ་ཡིག་འབྲི་མཁན་ཁྲིན་པོ་ཀོང་ (Chen Pokong) ལགས། ལྷོ་སོག་སྐུ་ཚབ་དཱའི་ཆིན་ཨོལ་ཧུན་ (Daichin Olhund) ལགས། ཧོང་ཀོང་མང་གཙོ་ལས་འགུལ་ཚོགས་པའི་སྐུ་ཚབ་ཝི་ལེམ་ (William) ལགས་བཅས་ཀྱིས་གསུང་བཤད་གནང་ཡོད་པ་མ་ཟད། གཞན་ཡང་ཨ་རིར་གནས་སྡོད་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ཀྲིག་ཧྥིན་སིག་ (Zhou Fengsou) ལགས་ཀྱང་དྲ་ཐོག་ནས་མཉམ་ཞུགས་གནང་ཡོད་པ་རེད། ལས་རིམ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཀོ་ཇི་མཱ་ཊ་ཀ་ཡུ་ཀི་ (Kojima Takayuki) ལགས་ཀྱིས་གཙོ་སྐྱོང་གནང་ཡོད། མཛད་སྒོའི་ཐོག་གནམ་བདེ་སྒོ་མ་ཆེའི་ཐང་ཆེན་དུ་རྒྱ་ནག་གཞུང་གིས་མང་གཙོ་དོན་གཉེར་བ་རྣམས་ལ་རྡུང་རྡེག་མནར་སྤྱོད་བཏང་བའི་བརྙན་བསྟན་པ་མ་ཟད་ཕྱི་ལོ་ ༢༠༡༠ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་རྒྱ་རིགས་ལིག་ཞའོ་པོ་ (Liu Xiaobo) ལགས་ཀྱིས་རྒྱ་གཞུང་གིས་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་མང་གཙོ་དོན་གཉེར་བ་རྣམས་སྡེབ་གསོད་བཏང་བའི་སྐོར་སྙན་ངག་བྲིས་ཡོད་པ་དེ་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམས་ཀྱིས་གྱེར་འདོན་དང་། དེ་བཞིན་གསུང་བཤད་གནང་མཁན་རྣམས་ནས་རྒྱ་ནག་གཞུང་གིས་ཇི་ལྟར་རྒྱ་རིགས་གཞོན་སྐྱེས་ཚོར་དྲག་གནོན་གྱིས་ཞི་བའི་ངོ་རྒོལ་བ་མང་པོའི་ཚེ་སྲོག་ཕྲོགས་ཚུལ་དྲན་གསོ་གནང་བ་དང་འབྲེལ། ཁོང་ཚོས་རྒྱ་གཞུང་གི་འགོ་ཁྲིད་ཚོས་དངོས་ཡོད་གནས་སྟངས་ལ་གཞི་བཅོལ་བའི་ཐོག་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་དང་ལེན་བྱེད་དགོས་པའི་འབོད་སྐུལ་གནང་འདུགསྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་གོ་སྒྲིག་པའི་ངོས་ནས་ཁོང་ཉིད་མགྲོན་འབོད་ཀྱིས་དྲུག་བཞིའི་དོན་རྐྱེན་ལ་བོད་མིའི་ལྟ་སྟངས་ཇི་ཡོད་བཤད་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་རྒྱ་རིགས་མང་གཙོ་དང་རང་དབང་དོན་གཉེར་བ་རྣམས་ཀྱི་འཐབ་རྩོད་ལ་བོད་མི་རྣམས་ཀྱིས་གདུང་སེམས་མཉམ་སྐྱེ་ཞུས་པ་མ་ཟད། རྒྱ་ནག་གཞུང་གིས་ལོ་ངོ་ ༣༣ སྔོན་ལ་རྒྱ་རིགས་གཞོན་སྐྱེས་མང་གཙོ་དོན་གཉེར་བའི་རེ་འདོད་ལ་དྲག་གནོན་བྱས་ཡོད་ཀྱང་། རྒྱ་རིགས་མང་གཙོ་དོན་གཉེར་བ་རྣམས་ཀྱི་རང་དབང་གི་འབོད་སྒྲ་དུས་ད་ལྟའང་རྒྱ་རིགས་ཙམ་མ་ཡིན་པར་རྒྱལ་སྤྱིའི་མི་མང་ས་ཡ་མང་པོའི་སེམས་སུ་གསོན་པོར་གནས་ཡོད་ཅེས་གསུངས།གཞན་ཡང་ཁོང་གིས་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་སྟེ་ཆོས་དད་རང་དབང་ལ་དྲག་གནོན་བྱེད་བཞིན་པའི་སྐོར་དང་། བོད་མི་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་བའི་སྐོར་འགྲེལ་བརྗོད་གནང་བ་མ་ཟད། རྒྱ་གཞུང་གིས་བཤད་པ་ལྟར་བོད་མི་རྣམས་ཁ་བྲལ་རིང་ལུགས་པ་དང་རྒྱའི་ཁ་གཏད་མ་ཡིན་པའི་སྐོར་ལན་འདེབས་གནང་། མཛད་སྒོར་ཉི་ཧོང་དང་། རྒྱ་ནག། ལྷོ་སོག ཧོང་ཀོང་སོགས་ཀྱི་རྒྱབ་སྐྱོར་བ་དང་། དེ་བཞིན་ཤེས་ཡོན་པ་ལ་སོགས་མཉམ་ཞུགས་གནང་ཡོད། སྐབས་དེར་བོད་དོན་རྒྱབ་སྐྱོར་བ་ཉི་ཧོང་དགེ་འདུན་ལྷན་ཚོགས་ཀྱི་དགེ་འདུན་པ་ཧ་ཡ་ཤི་ཤུ་ཡི་ལགས་དང་། དགེ་འདུན་པ་ཀོ་བ་ཡ་ཤི་ཤུ་ཡི་ལགས་ཀྱང་མཉམ་ཞུགས་གནང་འདུག མཐར་རྒྱ་ནག་སྐམ་ས་ཆེན་པོའི་རྒྱ་རིགས་མང་གཙོ་དོན་གཉེར་བ་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་རྒྱབ་སྐྱོར་གྱི་གྲོས་ཆོད་ཅིག་བཞག་ཅིང་། དེ་བརྒྱུད་རྒྱ་ནག་གཞུང་ནས་རྒྱ་རིགས་རྣམས་ལ་བཙན་གནོན་བྱེད་བཞིན་པ་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་འདུག མཛད་སྒོ་གྲོལ་མཚམས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ཐོག་གོ་སྒྲིག་པ་དང་གསུང་བཤད་གནང་མཁན་གྱིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད་པ་བཅས།།