༄༅། ། ཕྱི་ལོ་ ༢༠༢༢ ཟླ་བ་ ༠༦ ཚེས་ ༢༢ དང་ ༢༣ བཅས་ཉིན་གྲངས་གཉིས་རིང་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་འཚོག་བཞིན་པ་དང་བསྟུན་ཕྱི་ཚེས་ ༢༣ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ (Congressional Executive Commission on China) མདུན་དུ་ ༼ བོད་ཀྱི་དཀའ་རྙོག་སེལ་བར་འཕྲད་བཞིན་པའི་དཀའ་ངལ། ༽ ཞེས་པའི་བརྗོད་གཞིའི་ཐོག་ཉིན་ཞིབ་ལས་རིམ་ཞིག་ཚོགས་ཡོད།
དེ་ཡང་ཕྱི་ཚེས་ ༢༣ ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་གོ་སྒྲིག་ཞུས་པའི་བོད་ཀྱི་དཀའ་རྙོག་སེལ་བར་འཕྲད་བཞིན་པའི་དཀའ་ངལ། ཞེས་པའི་ཉན་ཞིབ་ལས་རིམ་ཐོག་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇེབ་མར་ཀི་ལི་ (Jeff Merkley) མཆོག་དང་། ཚོགས་གཙོའི་ལས་རོགས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇེམ་མེག་གྷོ་ཝན་ (James McGovern) མཆོག་རྣམ་གཉིས་དབུས་ཚོགས་ཆུང་གི་ཚོགས་མི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཁག་གཅིག་དང་། བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག ཀི་རི་ཊ་ (Kreddha) ཞེས་པའི་རྒྱལ་སྤྱིའི་རྩོད་རྙོག་འདུམ་འགྲིག་ཁང་གི་འགན་འཛིན་སྐུ་ཞབས་མཧི་ཀལ་ཝན་ཝལ་ཊ་ (Michael Van Walt) ལགས། ལོ་རྒྱུས་རིག་པའི་སློབ་དཔོན་དང་ཉམས་ཞིབ་པ་སྐུ་ཞབས་ཧོན་ཤིང་ལའུ་ (Hon-Shiang Lau) ལགས། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་དབུས་པའི་སྤྱི་འཐུས་ཁག་གཅིག་བཅས་ལྷན་བཅར་ཞུས་ཡོད།ཉན་ཞིབ་ལས་རིམ་སྐབས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇེབ་མར་ཀི་ཀི་ (Jeff Merkley) མཆོག་གིས་རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་ཐོག་ནས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་གིས་གཙོས་མི་རིགས་ཀྱི་ངོ་བོ་རྩ་མེད་བཏང་དང་གཏོང་བཞིན་ཡོད་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ཀྱི་གནད་དོན་ལ་ཐེ་བྱུས་བྱེད་བཞིན་པར་སྐྱོན་བརྗོད་གནང་བ་དང་འབྲེལ། རྒྱ་ནག་གཞུང་ནས་བོད་ཀྱི་གནད་དོན་འདི་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཡིན་སྐོར་བཤད་ཀྱི་ཡོད་ནའང་། དེ་ནི་བོད་ཀྱི་དངོས་བྱུང་ལོ་རྒྱུས་ལ་ཁྱད་གསོད་བྱས་པ་རེད་ཅེས་དང་། དོན་དངོས་ཐོག་བོད་ཀྱི་གནད་དོན་འདི་ད་ལྟ་ཐག་གཅོད་ཟིན་མེད་པའི་གནད་དོན་ཞིག་ཡིན་སྟབས། གྲོས་ཚོགས་འཐུས་མི་རྣམ་པས་ངེས་པར་དུ་གླེང་སློང་གནང་དགོས་པའི་གནད་དོན་གལ་ཆེ་ཡིན་པར་ངོས་འཛིན་གནང་གི་ཡོད་སྐོར་གསུངས།
གཞན་ཡང་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇེམ་མེག་གྷོ་ཝན་ (James McGovern) མཆོག་གིས་གིས་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་དང་། བོད་ནང་ཕར་འགྲོ་ཚུར་འོང་འདྲ་མཉམ་གྱི་ཁྲིམས་འཆར་གྱིས་གཙོས་ཨ་རིའི་གྲོས་ཚོགས་ནས་གཏན་འབེབས་གནང་བའི་བོད་དོན་དང་འབྲེལ་བའི་སྲིད་བྱུས་ཁག་གཅིག་ལུང་འདྲེན་གྱིས་ཨ་རིའི་ངོས་ནས་བོད་རྒྱ་གྲོས་མོལ་ཡོང་རྒྱུར་འབད་བརྩོན་གནང་མུས་ཡིན་ཀྱང་། རྒྱ་ནག་གཞུང་གི་ངོས་ནས་གྲོས་མོལ་ལ་འགལ་རྐྱེན་བར་ཆད་བཟོ་ཆེད་ཆ་རྐྱེན་ཁག་གཅིག་ཆེད་དུ་འདོན་བཞིན་པ་ནི་འོས་འཚམས་དང་དྲང་བདེན་མ་རེད་ཅེས་གསུངས་ཡོད།
དེ་བཞིན་སྐུ་ཞབས་མཧི་ཀལ་ཝན་ཝལ་ཊ་ (Michael Van Walt) ལགས་དང་སྐུ་ཞབས་ཧོན་ཤིང་ལའུ་ (Hon-Shiang Lau) ལགས་རྣམ་གཉིས་ནས་ཟུར་གནས་ཐོག་བོད་ཀྱི་ལོ་རྒྱུས་ལ་ཉམས་ཞིབ་གནང་འབྲས་སུ། ལོ་རྒྱུས་ཐོག་བོད་འདི་རྒྱ་ནག་གི་ཆ་ཤས་སུ་གྱུར་མྱོང་མེད་པའི་དཔང་རྟགས་ཁུངས་སྐྱེལ་གནང་བ་མ་ཟད། ད་ལྟ་རྒྱ་ནག་གཞུང་གིས་ཆེད་མངགས་བོད་ཀྱི་ལོ་རྒྱུས་ལོག་བཤད་བྱས་ཏེ་འཛམ་གླིང་མི་མང་ལ་བསླུ་བྲིད་བྱེད་བཞིན་པ་ནི་རྒྱལ་སྤྱིའི་ཁྲིམས་དང་འགལ་ཡོད་པ་སོགས་གསུངས།
ཕྱོགས་མཚུངས་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་དུས་རབས་ཉི་ཤུའི་ནང་གི་བོད་དང་རྒྱ་ནག་གཉིས་ཀྱི་དངོས་ཡོད་ལོ་རྒྱུས་དང་འབྲེལ་བའི་དོན་ཚན་ཁག་གཅིག་དང་། རྒྱ་ནག་གཞུང་གིས་བོད་ནང་ལ་དམ་བསྒྲགས་དང་དྲག་གནོན་བྱེད་བཞིན་པའི་གནད་དོན་ཁག་གྲོས་ཚོགས་འཐུས་མི་རྣམས་ལ་ངོ་སྤྲོད་བདེན་དཔང་གནང་ཡོད་པ་རེད།།