༄༅།།འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཆོས་རིག་ལས་ཁུངས་ཀྱི་དྲུང་འཕར་བདུད་འདུལ་རྡོ་རྗེ་ལགས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གི་ཚབ་ཞུས་ཏེ་༸སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་མཆོག་གི་༸སྐུའི་གྱ་སྟོན་རྟེན་འབྲེལ་མཛད་སྒོར་ཆེད་བཅར་ཞུས་ཡོད།
དེ་ཡང་ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༡༩ ཉིན་གནས་ཁྱད་པར་ཅན་ཤེས་རབ་སྐྱེད་ཚལ་གླིང་དུ་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་༸སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་ཤར་སྤྲུལ་ངག་དབང་འཇམ་དབྱངས་བྱམས་པ་བསྟན་འཛིན་དཔལ་བཟང་པོ་མཆོག་ལ་ལ་དྭགས་ཁྲིག་སེ་དགོན་དང་ནུབ་ར་བདེ་སྐྱིད་དགོན། ཁྲིག་སེ་དད་ལྡན་མི་མང་ཡོངས་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་༸སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་མཆོག་གི་གྱ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་དངོས་གཞིར་༸སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་མཆོག་གིས་དབུས་༸སྐྱབས་རྗེ་འབྲུག་པ་ཐུགས་སྲས་རིན་པོ་ཆེ་མཆོག ཆོས་བརྒྱུད་རིས་སུ་མ་ཆད་པའི་མཁན་ལས་ཟུར་དང་བླ་སྤྲུལ། འཕགས་པའི་དགེ་འདུན་བརྒྱ་ཁྲག་མང་པོ། སྐུ་མགྲོན་གཙོ་བོ་ལ་དྭགས་དབུས་གཞུང་མངའ་སྡེའི་སྲིད་སྐྱོང་གཞོན་པ་ཨར་ཀེ་མཱ་ཐུར་ (Shri RK Mathur) ལགས། ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་སྐུ་ཞབས་བཀྲ་ཤིས་རྒྱལ་མཚན་ལགས། རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཆོས་རིག་དྲུང་འཕར། ལ་དྭགས་ནང་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཐུབ་བསྟན་ཚེ་དབང་ལགས། ལ་དྭགས་དགོན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་བཤད་སྒྲུབ་བྱམས་པ་ལགས། གཞན་ཡང་སྐུ་མགྲོན་དང་ས་ཕྱོགས་གང་ས་ནས་དད་ལྡན་མང་ཚོགས་སྟོང་ཚོ་མང་པོས་མཉམ་ཞུགས་གནང་ཡོད།མཛད་སྒོའི་ཐོག་མར་༸སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་མཆོག་གིས་མཆོད་མེ་ཞལ་ཕྱེ་གནང་གྲུབ་བསྟུན། དགེ་འདུན་པ་རྣམས་ནས་ཤིས་བརྗོད་གསུང་འདོན་གནང་། དེ་རྗེས་བཀྲ་ཤིས་ཞོལ་པ་དང་འབྲས་དཀར་བཤད་པ་གྲུབ་རྗེས། ཕྱག་དཔེ་གཉིས་དབུ་འབྱེད་དང་དེ་ནས་དགེ་བཤེས་བསྟན་འཛིན་རྒྱ་མཚོ་ལགས་ཀྱིས་རིན་པོ་ཆེ་མཆོག་གི་མཛད་རྣམ་སྙིང་བསྡུས་ཤིག་སྒྲོགས་སྦྱང་གནང་། སྐུ་མགྲོན་རྣམས་ནས་རིམ་བཞིན་གསུང་བཤད་གནང་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རིན་པོ་ཆེ་མཆོག་ལ་རྒྱལ་བ་ཚེ་དཔག་མེད་ཀྱི་སྐུ་ཞིག་ཕུལ། དེ་ནས་ལ་དྭགས་ཀྱི་ས་ཕྱོགས་གང་ས་ནས་ཕེབས་པའི་འཁྲབ་སྟོན་པ་རྣམས་ནས་ཕྱི་དྲོ་ཆུ་ཚོད་ ༥ བར་རིག་གཞུང་འཁྲབ་སྟོན་གནང་སྟེ་གྱ་སྟོན་གྱི་མཛད་སྒོ་རྒྱལ་ཁའི་ངང་གྲོལ།༸སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་ངག་དབང་འཇམ་དབྱངས་བྱམས་པ་བསྟན་འཛིན་དཔལ་བཟང་པོ་མཆོག་ནི། ཕྱི་ལོ་ ༡༩༤༣ ལོར་ཡབ་ཡེ་ཤེས་དཔལ་འབྱོར་ཕུན་ཚོགས་དང་། ཡུམ་ཚེ་བརྟན་དཔལ་འཛིན་གཉིས་ཀྱི་སྲས་སུ་ཆུ་ཤོད་འབི་ལུ་པའི་ཁྱིམ་ཚང་དུ་སྐུ་འཁྲུངས། ཕྱི་ལོ་ ༡༩༥༣ ལོར་དགུང་ལོ་བཅུ་པའི་ཐོག་རྒྱལ་བའི་གསུང་རབ་ལ་ཐོས་བསམ་མཛད་ཕྱིར་བོད་ཀྱི་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤྲུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་གནང་། འདུལ་བའི་མཁན་པོ་ངག་དབང་ཉི་མ་དགེ་བའི་བཤེས་གཉེན་དུ་བསྟེན། དགའ་ལྡན་ཁྲི་པ་མི་ཉག་བློ་བཟང་ཡེ་ཤེས་དབང་ལྡན་གྱི་དྲུང་ནས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམས་པ་བཞེས། ཕྱི་ལོ་ ༡༩༦༦ ལོར་༧སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེའི་དྲུང་ནས་བསྙེན་པར་རྫོགས། བཀྲས་ལྷུན་བཀའ་ཆེན་བློ་བཟང་བཟོད་པ་མཆོག་ཡོངས་འཛིན་དུ་བསྟེན་ནས་རིག་གནས་དང་། དཀྱིལ་འཁོར་གྱི་ཐིག རྗེ་ཡབ་སྲས་དང་པཎ་ཆེན་སྐུ་ཕྲེང་གྱི་གསུང་འབུམ་སོགས་ལྗགས་ལུང་། གཞུང་ཆེན་ཁག་གི་དཔེ་འཁྲིད་དང་གཞན་ཡང་གསང་སྡེ་འཇིག་གསུམ་སོགས་བརྒྱུད་སྡེ་བཞིའི་དབང་ལུང་མང་པོ་ཞུས། ཕྱི་ལོ་ ༡༩༨༠ ལོར་སྐྱེ་འགྲོ་ཡོངས་ཀྱི་བསོད་ནམས་གསོག་པའི་ཞིང་མཆོག་དང་། འཛམ་གླིང་ནང་ངོ་ཚར་ཆེ་བའི་རྫེ་བཙུན་བྱམས་པ་མགོན་པའི་སྐུ་བརྙེན་མཐོང་འགྲོལ་རིན་པོ་ཆེ་གསར་བཞེངས་ལེགས་པར་བསྒྲུབས་ནས། སྤྱི་ནོར་༧གོང་ས་ལྷ་མིའི་རྣམ་འདྲེན་༧སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་བཀྲ་ཤིས་རབ་གནས་རྒྱས་པར་མཛད། ཕྱི་ལོ་ ༡༩༨༩ ནང་ལ་ལ་དྭགས་ལ་ཀཤ་མིར་གཞུང་གིས་དྲང་གཞག་མ་བྱས་པར་བརྟེན་ལ་དྭགས་ལ་དབུས་གཞུང་གི་ཚད་ཐོབ་དགོས་ཞེས་རྙོག་ཟིང་ཆེན་པོ་བྱུང་སྐབས་རིན་པོ་ཆེ་མཆོག་གིས་ལ་དྭགས་དགོན་ཚོགས་དང་ནང་ཚོགས་ཀྱི་དབུ་འཛིན་མཛད་དེ་གླེ་ཅཱ་ལོ་ (Leh Chalo Adolan) ངོ་རྒོལ་བྱེད་སྐབས་གཞུང་གིས་ཐེམ་སྤང་བཀའ་རྒྱ་བཏང་བར་བརྟེན། ལ་དྭགས་ཤམ་སྟོད་བར་གསུམ་གྱི་མི་མང་གླེ་ནང་འཛུལ་ཞུགས་བྱེད་པ་ཡིན་ན་སྲོག་གི་འཇིགས་པ་ཆེན་པོ་ཡོད་པ་ཡིན། དེའི་སྐབས་རིན་པོ་ཆེ་མཆོག་གིས་མི་མང་གི་སྲོག་སྐྱབས་པ་དང་། རྒྱ་གར་གཞུང་ནས་ཐད་ཀར་འཛིན་སྐྱོང་སྟངས་འཛིན་བྱེད་ཕྱིར་ལ་དྭགས་ལ་དབུས་གཞུང་མངའ་སྡེའི་ཚད་ཐོབ་ཆེད་ཕྱག་ལས་མང་པོ་མཛད་ཡོད། ཕྱི་ལོ་ ༡༩༨༩ ལོར་དགེ་འདུན་རྣམས་ལ་གཞུང་འཛིན་དང་བདེ་དོན་ཚོགས་པ་བཙུགས་པར་མཛད་ནས་དགེ་འདུན་ལ་འཚོ་བ་དགོན་པ་གཞུང་ནས་ཕུལ། ཕྱི་ལོ་ ༡༩༩༢ ལོ་ནས་ ༡༩༩༧ བར་ལོ་ལྔའི་རིང་ལ་དྭགས་དགོན་ཚོགས་ཀྱི་དབུ་སྐྱོང་མཛད་ནས་དགོན་པ་ཁྲོམ་ཚོགས་(Gonpa Complex) དང་དགོན་ཚོགས་ཀྱི་ལས་ཁུངས་གསར་བཞེངས་སོགས་གང་ཅིའི་ཐོག་ནས་ཡར་རྒྱས་རྒྱ་ཆེན་པོ་མཛད།ཕྱི་ལོ་ ༡༩༩༥ ལོར་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་འཐུས་མིར་དམ་འབུལ་བཞེས། ཕྱི་ལོ་ ༡༩༩༨ ཟླ་བ་ ༠༤ ཚེས་ ༠༦ ཉིན་རྒྱ་གར་དབུས་གཞུང་གི་གྲོས་ཚོགས་གོང་མའི་འཐུས་མི་ལ་དྭགས་ནས་དང་པོར་བཞེས། ཕྱི་ལོ་ ༢༠༡༠ ལོར་བདེ་སྐྱིད་དགོན་དགའ་ལྡན་བཀྲ་ཤིས་ཆོས་གླིང་དུ་བྱམས་མགོན་གསར་བཞེངས་ལགས་པར་བསྒྲུབས་ནས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་༧རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་བཀྲ་ཤིས་རབ་གནས་དང་དགའ་སྟོན་རྒྱས་པར་མཛད། ༧སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་མཆོད་གནས་སྦྱིན་བདག་རྣམས་ལུགས་བཟུང་གཉིས་ཀྱི་ལམ་ནས་གནས་སྐབས་དང་མཐར་ཐུག་གི་བཀའ་དྲིན་བརྗོད་བྲལ་དུ་བསྐྱངས་དང་སྐྱོང་བཞིན་པར་ལེགས་གསོས་རྗེ་དྲན་ཚུལ་དུ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དབུ་བཞུགས་ཐོག་ཁྲིག་སེ་དབྱར་ཆོས་ཆེན་མོའི་སྐབས་དང་བསྟུན་ཏེ་༸མགོན་པོ་གང་གི་ཕྱག་བཟང་པོ་ནས་༧སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་མཆོག་ལ་ཁྲིག་དགོན་དགེ་འདུན་འདུས་མང་དང་མཆོད་གནས་སྦྱིན་བདག་ཡོངས་ཀྱིས་གསེར་གྱི་གཟེངས་རྟགས་དང་གཟེངས་སྟོད་ཕུལ།ཕྱི་ལོ་ ༢༠༡༧ ཟླ་བ་ ༠༧ ཚེས་ ༡༠ ཉིན་བདེ་དགོན་བཀྲ་ཤིས་ཆོས་གླིང་གི་དགེ་འདུན་སྦྱིན་བདག་ཡོངས་ནས་བདེ་དགོན་དབྱར་ཆོས་ཆེན་མོའི་སྐབས་ ༧ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོའི་ཕྱག་བཟང་པོ་ནས་༧སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་མཆོག་ལ་གཟེངས་བསྟོད་ཕུལ། ལ་དྭགས་ཀྱི་མི་རིགས་དང་སྤྱི་ཚོགས་ནང་ཆོས་སྲིད་གཉིས་ཀྱི་ཐོག་ཡར་རྒྱས་ཤུགས་ཆེན་དང་རྩད་ཅན་མཛད་པའི་དངོས་འཛིན་་ཕྱག་འཁྱེར་དུ། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་གླེ་ནས། ཕྱི་ལོ་ ༢༠༢༡ ཟླ་བ་ ༡༠ ཚེས་ ༢༡ ཉིན་ལ་དྭགས་དཔལ་རྔམ་དུས་སྟོན་གྱི་གཟེངས་རྟགས་༧སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་ཤར་སྤྲུལ་ངག་དབང་འཇམ་དབྱངས་བྱམས་པ་བསྟན་འཛིན་དཔལ་བཟང་པོ་མཆོག་ལ་ཕུལ། རིན་པོ་ཆེ་མཆོག་བོད་ནས་ལ་དྭགས་ལ་ཕྱིར་ལོག་ཕེབས་པ་ནས་བཟུང་ཁྲིག་སེ་དགོན་པར་ནང་གི་རྟེན་སྐུ་གསུང་ཐུགས་རྟེན་དང་ཕྱིའི་གཙུག་ལག་ཁང་སོགས་ལ་ཉམས་གསོ་དང་གསར་བཞེངས་བསམ་ཡུལ་ལས་འདས་པ་ཞིག་བསྒྲུབས་གནང་ཡོད། །