༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༡༠ ཉིན་ཨོསྟྲི་ཡཱའི་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས་ཨོསྟྲི་ཡཱའི་རྒྱལ་ས་ཁན་བྷེ་ར་ནང་རྟེན་གཞི་བྱས་པའི་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་སྐུ་ཞབས་ཐོ་མ་སི་ཌུབ་ (Tomas Dub) ལགས་དང་ཆུ་ཚོད་གཅིག་ལྷག་རིང་མཇལ་འཕྲད་གནང་ཡོད་པ་དང་། མཇལ་འཕྲད་སྐབས་ཨོསྟྲི་ཡཱའི་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་དང་ཨོསྟྲི་ཡཱའི་སྐུ་ཚབ་དོན་གཅོད་ཁང་གི་སྐོར་ངོ་སྤྲོད་མདོར་བསྡུས་གནང་བ་དང་འབྲེལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཇེ་ཞན་དུ་འགྲོ་བཞིན་པ་དང་། ལྷག་པར་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་ཐོག་དམ་བསྒྲགས་ཤུགས་ཆེ་བྱས་དང་བྱེད་བཞིན་པའི་སྐོར་འགྲེལ་བརྗོད་གནང་ཡོད།
གཞན་ཡང་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་སྐུ་ཞབས་ཐོ་མ་སི་ཌུབ་ལགས་ལ་ཨོསྟྲི་ཡཱའི་ནང་བཙན་བྱོལ་བོད་མིའི་མི་འབོར་འཕེལ་བཞིན་པ་དང་། བོད་དོན་དང་འབྲེལ་བའི་མཛད་རིམ་གཙོ་ཆེ་ཁག་གཅིག་གི་སྐོར་ངོ་སྤྲོད་གནང་རྗེས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་རིམ་བྱོན་རྣམ་པ་དང་མི་མང་བཅས་ནས་བོད་དོན་སླད་གཡོ་བ་མེད་པའི་རྒྱབ་སྐྱོར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་གནང་ཡོད།
ཨོསྟྲི་ཡཱའི་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་དང་ལྷན་ཨོསྟྲི་ཡཱའི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་ལྷ་དབང་རྒྱལ་པོ་ལགས་བཅར་ཡོད་པ་བཅས།།