༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༠༥ ཚེས་ ༢༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་གཙོ་སྐྱོང་དང་ཆོས་བརྒྱུད་གྲུབ་མཐའ་ཁག་དང་། ཤེས་ཡོན་སྡེ་ཚན་ཁག་མཉམ་འབྲེལ་གྱིས་རྩོམ་སྒྲིག་གནང་བའི་སྨོན་ལམ་ཚིག་མཛོད་ཆེན་མོ་པོད་ ༢༢༣ གྱི་བདག་ཉིད་ཅན་དང་སྨོན་ལམ་ཚིག་མཛོད་ཆེན་མོའི་དྲ་རྒྱ་དབུ་འབྱེད་དང་བཀའ་སློབ་བཀའ་དྲིན་སྩལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཙམ་ལ་མགོན་པོ་གང་ཉིད་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་སྒྱུར་གྱིས་མཛད་སྒོའི་སྡིངས་ཆའི་སྟེང་འགྲེམས་སྟོན་བྱས་ཡོད་པའི་སྨོན་ལམ་ཚིག་མཛོད་ཆེན་མོ་པོད་ ༢༢༣ གྱི་མདུན་དུ་མར་མེ་ཞལ་ཕྱེ་དང་འབྲེལ་བཀའ་སློབ་སྩལ་དོན། བོད་གངས་ཅན་པའི་་ཆོས་དང་རིག་གཞུང་ཧ་ཅང་ཕྱུག་པོ་རེད། དེ་སྔ་ང་ཚོ་བོད་ལ་ཡོད་དུས་དམིགས་བསལ་དོ་སྣང་ཡོད་པ་མ་རེད། བཙན་བྱོལ་ལ་སླེབས་ནས་བོད་གངས་ཅན་གྱི་ཆོས་དང་རིག་གཞུང་རྣམས་རྒྱ་ཆེན་པོ་དང་གཏིང་ཟབ་མོ་རེད། དཀོན་མཆོག་ལ་སྨོན་ལམ་འདེབས་པ་གཅིག་པུ་མ་ཡིན་པར་ཁ་ཡོད་ལག་ཡོད་ཀྱིས་སེམས་ལ་ཞི་བདེ་ཇི་ལྟར་བཟོ་དགོས་པ་དང་། ཞི་བདེ་དེ་ཁོང་ཁྲོ་དང་ཕྲག་དོག་གིས་དཀྲུགས་མི་ཐུབ་པར་རྒྱུན་འཇགས་སྡོད་ཐུབ་པའི་སྐོར་ང་ཚོ་བོད་གངས་ཅན་ལྗོངས་ཀྱི་རིག་གཞུང་གི་གཙོ་བོ་རེད། སྐྱེ་བ་སྔ་ཕྱི་ནི་གཏམ་རིང་པོ་ལྟ་བུ་རེད། མི་ཚེ་འདིའི་རིང་སེམས་སྐྱིད་པོ་དང་། བག་ཕེབས་པོ་ཡོང་བ་ལ་ཏན་ཏན་ཕན་གྱི་ཡོད།ངོས་རང་སྒེར་ལ་ཆ་མཚོན་ན་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་ཞིག་ཡིན་པ་དང་། ཡོངས་འཛིན་རྣམ་པའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་སློབ་སྦྱོང་གང་ལ་གང་འཚམ་བྱས་ཡོད། ཉིན་རེ་བཞིན་ཞོགས་པར་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བ་སྒོམ་བཞིན་ཡོད། དེས་རྐྱེན་གྱིས་བཀྲ་མི་ཤིས་པའི་གནས་ཚུལ་ཅི་ཞིག་ཡོང་ནའང་སེམས་ཀྱི་ཞི་བདེ་རྒྱུན་དུ་གནས་ཐུབ་ཀྱི་འདུག ང་ཚོ་བོད་ཀྱི་རིག་གཞུང་གིས་ཁ་ཡོད་ལག་ཡོད་ཀྱིས་མིའི་སེམས་ལ་ཞི་བདེ་སྤྲོད་ཐུབ་ཀྱི་ཡོད། དེ་ཧ་ཅང་རྩ་ཆེན་པོ་རེད། མི་ཚང་མས་སེམས་ཀྱི་ཞི་བདེ་འདོད་ཀྱི་ཡོད། ལྷག་པར་ཆོས་ལ་དད་པ་ཡོད་མཁན་ཚང་མས་སེམས་ཀྱི་ཞི་བདེའི་ཆེད་སྨོན་ལམ་འདེབས་བཞིན་ཡོད་པ་དང་། ང་ཚོས་སྨོན་ལམ་བཏབ་ནས་འདུག་མི་དགོས་པར་སེམས་ལ་སྦྱོང་བརྡར་བྱས་ཏེ། དཔེར་ན་སྤྱོད་འཇུག་ལས། དགྲ་ནི་བཀའ་དྲིན་ཆེན་པོ་རེད། དགྲ་ལ་བརྟེན་ནས་བཟོད་པ་སྒོམ་པ་དང་སྙིང་སྟོབས་བསྐྱེད་པར་ཕན་ཐོགས་ཡོད་གསུངས་པ་ཧ་ཅང་བདེན་པ་རེད། དེར་བརྟེན་བསམ་ཤེས་ན་སྣང་སྲིད་མཐའ་དག་གཉེན་ལ་ཤར་བ་ཞིག་ཆོས་ཕྱོགས་ནས་ཀྱང་ཡོང་གི་ཡོད།ང་ཚོ་བོད་ཀྱི་རིག་གཞུང་ནི་ལོ་ངོ་སྟོང་ཕྲག་རིང་ལ་སྤྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་དང་། ཡང་སྒོས་ནཱ་ལེནྡྲའི་མཁས་པའི་དབང་པོ་རིམ་པར་བྱུང་བ་དག་གི་གཞུང་ལ་བརྟེན་ནས་སེམས་ཀྱི་རྣམ་གཞག་དང་། སེམས་ཁམས་རིག་པའི་སྐོར་ཧ་ཅང་ཞིབ་ཚགས་པོ་རེད། ངོས་ལ་མཚོན་ན་ཆུང་ཆུང་སྐབས་ནས་རིགས་ལམ་ཆུང་ངུ་དང་། འབྲིང་། ཆེན་མོ། དེ་ནས་བློ་རིག་ལ་བལྟས་པ་དང་། སེམས་དང་སེམས་བྱུང་ལ་སློབ་སྦྱོང་བྱས་ཡོད་པས་ཁོང་ཁྲོ་ཟ་བ་སོགས་རེ་དོགས་ལུ་གུ་བརྒྱུད་དུ་ཡོང་དུས་དེ་དག་ལ་བསམ་བློ་བཏང་བ་དེས་ཧ་ཅང་ཕན་ཐོགས་འདུག དེར་བརྟེན་ང་ཚོ་བོད་ཀྱི་རིག་གཞུང་ནང་ཆོས་ལས་གཞན་བསམ་བློ་གཏོང་སྟངས་དང་སེམས་ཁམས་རིག་པ་ནི་ཧ་ཅང་ཟབ་མོ་རེད། ང་ཚོ་ཚང་མས་ཁ་ནས་འཛམ་གླིང་ཞི་བདེ་ཟེར་གྱི་ཡོད། ཞི་བདེ་ནི་སེམས་རྒྱུད་ཞི་བདེར་བཟོ་དགོས་པ་ལས་སེམས་ལ་ཁོང་ཁྲོ་དང་ང་རྒྱལ་གྱིས་བཅིངས་ནས་ཞི་བདེ་ཟེར་བ་ཚིག་སྐམ་པོ་རེད། རྒྱ་གར་ལ་ཕ་མེས་ནས་ཀཱ་རུ་ཎ་ (Karuna) དང་ཨ་ཧིམ་ས་ (Ahimsa) ཞེས་སྔ་མོ་ནས་ཡོད་པ་དང་། བོད་ཀྱི་མེས་པོ་ཚོས་དགོངས་པ་བཞེས་ནས་རྒྱ་ནག་གི་རིག་གཞུང་ནས་ག་རེ་ཤེས་རྒྱུ་འདུག རྒྱ་གར་གྱི་རིག་གཞུང་ནས་ག་རེ་ཤེས་རྒྱུ་འདུག ཀ་ཤི་མིར་ནས་ཁ་ཆེ་ལ་འབྲེལ་བ་ཡོད། ལྷ་སར་ཡོད་པའི་ཁ་ཆེ་ལའང་འབྲེལ་བ་ཡོད། དེ་སོགས་རིག་གཞུང་འདྲ་མིན་ནས་ལེགས་བཤད་ཚུར་བླངས་ཡོང་དུས་ང་ཚོ་བོད་པ་ཧ་ཅང་གྲུང་པོ་རེད། དངོས་ཡོད་གནས་ཚུལ་ལ་ཞིབ་འཇུག་བྱས་ཏེ་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཡོད་པ་ཚོ་ཚུར་བླངས། དེ་ཙམ་ཕན་ཐོགས་མེད་པ་ཚོ་བཏང་སྙོམས་བྱས་ཏེ་བཞག་ཡོད། དེ་ཧ་ཅང་ཡག་པོ་རེད།ངོས་ལ་མཚོན་ན་བོད་ཀྱི་རིག་གཞུང་ལ་སྦྱང་པའི་དགེ་སློང་ཞིག་ཆགས་ཡོད། གང་ལྟར་སོ་སོའི་ལུང་པ་བྲལ་ཏེ་བཙན་བྱོལ་ལ་སླེབས་ནས་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད་ཀྱང་སེམས་ཀྱི་ཞི་བདེ་དཀྲུགས་ཐུབ་ཀྱི་མི་འདུག སེམས་ཀྱི་ཞི་བདེ་གནས་ཀྱི་འདུག དེ་ནི་བོད་ཀྱི་རིག་གཞུང་རེད། སྐྱེ་བ་སྔ་ཕྱིའི་སྐད་ཆ་མིན་པར་མི་ཚེ་འདིའི་ལོ་དང་ཟླ་བ་ཉིན་ཞག་རིང་སེམས་ཞི་བདེའི་ངང་སྡོད་ཐུབ་པ་ཞིག་ཚང་མར་དགོས་པ་རེད། སེམས་ཀྱི་ཞི་བདེ་ཡོང་ཆེད་རིལ་བུ་ཟ་བ་ལྟ་བུ་ཡོང་གི་ཡོད་པ་རེད། ང་ཚོས་དེ་ལྟར་བྱེད་མི་དགོས་པར་བསམ་བློ་གཏོང་སྟངས་ཀྱི་ཐོག་ནས་སེམས་ཀྱི་ཞི་བདེ་ཉར་གྱི་ཡོད། དེ་ང་ཚོ་བོད་ཀྱི་རིག་གཞུང་རེད། བོད་པའི་གོམས་གཤིས་རེད། ལོ་འདི་དག་ལ་ང་ཚོ་བཙན་བྱོལ་བ་ཆགས་ནའང་དེ་དག་ལ་ང་ཚོས་བདག་པོ་བརྒྱབ་ཡོད། དེ་རིང་འདིར་ཁྱོད་ཚོ་མང་པོ་ཞིག་འདུག སོ་སོས་ཁ་འདོན་བྱེད་པ་དེ་སྒེར་གྱི་གནས་ཚུལ་རེད། སྤྱི་ཡོངས་ཀྱི་ཆ་ནས་ང་ཚོས་ཞི་བདེ་ཟེར་བ་དེ་ཇི་ལྟར་སྒྲུབ་དགོས་ཀྱི་འདུག སྔ་མོ་ནེཧ་རུ་ལ་ང་ཚོར་སྐད་དང་ཡི་གེ་ཡོད་པས་བོད་རིགས་གཞོན་སྐྱེས་ཚོར་བོད་ཡིག་སློབ་སྦྱོང་བྱེད་ས་དགོས་ཀྱི་འདུག་ཅེས་བོད་ཀྱི་སློབ་གྲྭ་ཟུར་འཛུགས་བྱས་པ་རེད། དེར་བརྟེན་མི་མང་པོ་ཞིག་བོད་གཞུང་སློབ་གྲྭ་ནས་ཐོན་པ་རེད། གཙོ་ཆེ་ཤོས་བོད་ཀྱི་ཆོས་དང་རིག་གཞུང་ལ་བདག་པོ་རྒྱག་རྒྱུ་དང་། དེ་ལ་སོ་སོའི་སྐད་ཡིག་དེ་ཧ་ཅང་གལ་ཆེན་པོ་ཡིན་པས་བོད་སྐད་དང་བོད་ཡིག་ལ་བདག་པོ་བརྒྱབ་ནས་བསྡད་པ་རེད། དེ་རིང་འདིར་ཆོས་གྲོགས་རྣམ་པ་གཙོས་གྲོགས་པོ་ལྷན་རྒྱས་ལ་ཞུ་རྒྱུར། ངོས་ཀྱི་ཉམས་མྱོང་གི་ཐོག་ནས་བོད་ཀྱི་རིག་གཞུང་ནང་སེམས་ཀྱི་ཞི་བདེ་བཟོ་ཐབས་ཡོད་པ་འདི་ཧ་ཅང་རྩ་ཆེན་པོ་རེད། དེ་ཞུ་འདོད་བྱུང་། ཞེས་བཀའ་སློབ་སྩལ་བ་དང་།དེ་རྗེས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་ལས་བསྡོམས་སྙིང་བསྡུས་ཤིག་༸སྙན་སེང་སྐབས་སྨོན་ལམ་བརྡ་འཕྲིན་ཁང་གིས་ད་བར་མཉེན་ཆས་ཇི་བཟོས་དང་། སྨོན་ལམ་ཚིག་མཛོད་ཆེན་མོའི་བྱུང་རིམ་སྙན་སེང་ཞུས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། གོང་དུ་རོབ་ཙམ་བཀའ་མོལ་བྱུང་ཟིན་པ་རེད། ང་ཚོའི་བོད་རྒྱ་དཀར་ནག་གཉིས་ཀྱི་དཀྱིལ་དུ་ཡོད་པ་རེད། ང་ཚོ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་སོ་སོའི་ཡི་གེ་བཟོས་ཏེ་རང་མགོ་ཐོན་པ་ཞིག་ཆགས་ཡོད། མཁན་ཆེན་ཞི་བ་འཚོ་བོད་ལ་ཕེབས་དུས་ཁྱོད་ཚོར་ཡི་གེ་ཡོད་པས་བསྒྱུར་རྒྱུ་མ་གཏོགས་ཡི་གེ་གསར་པ་བཟོ་དགོས་པ་མི་འདུག་ཅེས་བསྒྱུར་རྒྱུ་མགོ་བཙུགས་པ་རེད། དེ་ནས་བཀའ་འགྱུར་དང་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་བོད་ཡིག་ཏུ་བསྒྱུར་ཡོད་པ་རེད། རྒྱ་གར་མཁས་པའི་གཞུང་གཙོ་ཆེ་བ་རྣམས་ང་ཚོའི་ཡི་གེའི་ནང་ཡོད། ངོས་ཀྱིས་རྒྱ་གར་ངོ་ཤེས་པ་ཁ་ཤས་ལ་རྩེད་མོ་དང་སྦྲགས་སྔ་མོ་ཁྱོད་ཚོ་ང་ཚོའི་དགེ་རྒན་རེད། དེང་སང་ང་ཚོ་ཁྱོད་ཚོའི་དགེ་རྒན་ཆགས་ཡོད་ཅེས་བཤད་ཀྱི་ཡོད། ང་ཚོས་ཀླུ་སྒྲུབ་ཡབ་སྲས་ཀྱིས་མཚོན་པའི་ཕྱོགས་གླང་ཆོས་གྲགས་ཀྱི་གཞུང་རྣམས་ལ་བདག་པོ་བརྒྱབ་ཡོད། ཅེས་སོགས་དང་།གཞན་ཡང་རྒྱ་ནག་གིས་བོད་ཀྱི་ཆོས་དང་རིག་གཞུང་ལ་སྐྱོན་དུ་བལྟས་ནས་མེད་པར་བཟོ་ཐབས་དང་། ཐ་ན་བོད་ཡིག་སློབ་པ་ལའང་དམ་དྲག་བྱེད་བཞིན་པ་ཡོང་གི་འདུག རྒྱ་ནག་མི་མང་དུང་ཕྱུར་ཁ་ཤས་ཡོད་པ་ལ་དངོས་ཡོད་ཀྱིས་སེམས་ཀྱི་ཞི་བདེ་དང་། སྤྱི་ཚོགས་བག་ཕེབས་དང་ཞི་བདེ་ཡོང་བ་ལ་བོད་ཀྱི་ཆོས་དང་རིག་གཞུང་ཧ་ཅང་ཕན་ཐོགས་ཆེན་པོ་རེད། དེར་བརྟེན་རྒྱ་རིགས་གྲོགས་པོ་ཚོར་འདི་བཤད་འདོད་བྱུང་། ང་ཚོ་ཚང་མས་ཞི་བདེ་ཞེས་བཤད་བཞིན་ཡོད་པས་ཞི་བདེ་སེམས་ནས་བཟོས་ཏེ་སོ་སོའི་ས་ཁུལ་དང་འཛམ་གླིང་སྤྱི་ལ་རིམ་བཞིན་སྒྲུབ་དགོས་པ་ཞིག་ཆགས་ཡོད། འཛམ་གླིང་ཞི་བདེ་ཟེར་བ་ཁ་ཙམ་ཚིག་ཙམ་མ་ཡིན་པ་ཞིག་ཏུ་བསམ་བློ་གཏོང་དགོས་བྱུང་ན་ང་ཚོའི་བོད་ཀྱི་རིག་གཞུང་ཧ་ཅང་ཕན་ཐོགས་ཡོད། བཅོམ་ལྡན་འདས་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེག་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟག་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་གསུངས་ཡོད། ཁོང་གི་གསུང་རྣམས་སངས་རྒྱས་ཀྱི་བཀའ་རེད་ཅེས་བརྩི་མི་དགོས་པར་དེ་ལ་བརྟག་དཔྱད་ཞིབ་འཇུག་གིས་བླང་དོར་བྱེད་དགོས་ཞེས་གསུངས་ཡོད། ཧ་ཅང་གུ་ཡངས་པོ་རེད། དེང་སང་རྒྱ་མི་སྤྱི་ཡོངས་མིན་ཀྱང་རྒྱ་མིའི་འགོ་ཁྲིད་དེ་ཚོ་གུ་དོག་པོ་རེད། འགོ་ཁྲིད་ཚོ་གུང་ཁྲན་ཏང་གི་སློབ་གསོའི་འོག་བོད་ཀྱི་ཆོས་དང་རིག་གཞུང་ཧ་ཅང་རྗེས་ལུས་རེད་ཅེས་གནས་ཚུལ་ཡག་པོ་ཞིག་མ་ཤེས་པར་བསྡད་ཡོད། དེར་བརྟེན་ཚིག་མཛོད་འདི་ལྟ་བུ་རྒྱ་ཡིག་ཏུ་བསྒྱུར་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྔོན་ལ་སྐམ་ས་ཆེན་མོ་ལ་ཐད་ཀར་གཏོང་མ་ཐུབ་ནའང་ཐའེ་ཝན་དང་ཧོང་ཀོང་ལ་གཏོང་བའི་འབད་བརྩོན་བྱས་ཏེ་རྒྱ་མི་གུང་ཁྲན་གྱིས་བོད་ཀྱི་ཆོས་དང་རིག་གཞུང་དུག་རེད་ཟེར་བ་དེ་ལ། ཆོས་གང་འདྲ་ཡོད་པ་དང་། རིག་གཞུང་གང་འདྲ་ཡོད་པ་སྟོན་ཐུབ་པ་ཞིག་དང་། རིམ་བཞིན་རྒྱ་རིགས་སྤུན་ཟླ་ཚོས་ཤེས་ཐུབ་པ་ཞིག་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་བསམ་བློ་རྒྱ་ཆེ་ས་ནས་བཏང་སྟེ་མཐའ་གཅིག་ཏུ་རང་བཙན་རྩོད་ཀྱི་མེད། བོད་མི་ས་ཡ་དྲུག་དང་རྒྱ་མི་ཧ་ཅང་མང་པོ་རེད། དེར་བརྟེན་ང་ཚོའི་ཆོས་དང་རིག་གཞུང་རང་སྐྱོང་གི་མིང་ཐོག་ནས་བདག་པོ་ཡག་པོ་རྒྱག་ཐུབ་པ་ཞིག་དང་། དེའི་ཐོག་རྒྱ་ནག་ལ་ག་ཚོད་ཐུབ་ཐུབ་ཀྱིས་ཁྱབ་སྤེལ་གཏོང་ཐུབ་ན། འཛམ་གླིང་གི་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་ནང་དུ་ང་ཚོའི་བྱམས་པ་དང་བརྩེ་བའི་ཤུགས་རྐྱེན་ཏན་ཏན་བྱུང་ཐུབ་པ་ཞིག་རེད། ཚང་མས་སེམས་ཤུགས་བསྐྱེད་ནས་གནང་ཤོག་ཨང་།དེ་བཞིན་རྒྱ་གར་འཕགས་པའི་ཡུལ་རེད། ང་ཚོའི་བསམ་བློ་འདི་དག་ཐོག་མར་རྒྱ་གར་ནས་སླེབས་པ་རེད། རྒྱ་གར་ལ་བར་སྐབས་ནས་ཉམས་པ་རེད། རྒྱ་གར་ལ་ནུབ་ཕྱོགས་ཀྱི་ཤེས་ཡོན་གྱི་ཤུགས་རྐྱེན་འོག་དེང་དུས་ཀྱི་འཕྲུལ་རིག་ཡག་པོ་ཡོད་པས་སྔ་མོའི་གཞུང་དང་དེང་གི་དངོས་པོ་ཡར་རྒྱས་ཟུང་སྦྲེལ་བྱེད་ཐུབ་པ་ཞིག་འདུག དེ་བྱེད་ཐུབ་ན་ཡག་པོ་འདུག འཕྲོད་བསྟེན་གྱི་གནས་ཚུལ་ཡག་པོ་བྱུང་སོང་ན་ངོས་རང་ལྡི་ལིར་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཚོར་ཐུག་ནས་རྒྱ་གར་གྱི་གནའ་རབས་ཤེས་ཡོན་དང་དེང་དུས་ཤེས་ཡོན་ཟུང་དུ་སྦྲེལ་བའི་སྐོར་ལ་གོ་བསྡུར་བྱེད་དགོས་བསམ་ཡོད། འདི་རྒྱ་གར་བ་ཚོས་བྱེད་ཐུབ་ཀྱི་རེད།
ང་ཚོའི་རིག་གཞུང་ལ་སེམས་ཁམས་རིག་པ་གཙོ་བོ་རེད། སེམས་ཁམས་རིག་པ་ཆོས་ཀྱི་སྐད་ཆ་དང་སྐྱེ་བ་སྔ་ཕྱིའི་སྐད་ཆ་མིན་པར་ཚེ་འདི་རང་ལ་སེམས་ཞི་བདེ་ཇི་ལྟར་བཟོ་བ་དང་སྤྱི་ཚོགས་ཞི་བདེ་ལྷིང་འཇགས་ཇི་ལྟར་བཟོ་དགོས་པའི་སྐོར་རེད། དེ་ཆོས་ལུགས་ཀྱི་སྐད་ཆ་མིན་པར་འཛམ་གླིང་སྤྱི་ཡོངས་ལ་འབྲེལ་བ་ཡོད། དེ་རིང་འདིར་སྨོན་ལམ་གྱིས་མཛོད་ཅིག་བཟོས་ཡོད་པ་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཧ་ཅང་ཡག་པོ་རེད། ང་ཚོ་བོད་རིགས་ནང་ཁུལ་ནས་ལས་འགུལ་བརྩམས་པ་དང་། རིམ་བཞིན་རྒྱ་ཡིག་ཏུ་བསྒྱུར་ཐུབ་པ་ལ་བསམ་བློ་གཏོང་དགོས་ཀྱི་འདུག་ཅེས་བཀའ་སློབ་ཕེབས་པ་དང་། དྲུང་ཆེ་ཚེ་རྒྱམ་ལགས་ཀྱིས་ཐའེ་ཝན་ནས་རྒྱ་ཡིག་ཏུ་བསྒྱུར་རྒྱུ་འགོ་བཙུགས་ཟིན་པའི་སྐོར་༸སྙན་སེང་ཞུས།མཐར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་ཀྱིས་ཏཱ་ལའི་བླ་མའི་མིང་འཁྱེར་ནས་འགོ་ཁྲིད་ཀྱི་ཡོད་པ་རེད། ངོས་རང་མི་གཅིག་ལག་གཅིག་རེད། ཁྱོད་རང་ཚོས་ཕྱོགས་གང་ས་ནས་ཤུགས་བརྒྱབ་ནས་འབད་བརྩོན་བྱོས་ཤོག་ཅེས་བཀའ་སློབ་སྩལ་རྗེས་དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་། ཞྭ་དཀར་བསྟན་པའི་མངའ་བདག་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ། དཔལ་ས་སྐྱའི་ཁྲི་གདན་ཟུར་སོགས་བླ་ཆེན་ཁག་སྐུ་པར་ལྷན་སྒྲོན་དང་། དེ་རྗེས་སྨོན་ལམ་ཚིག་མཛོད་ཆེན་མོའི་རྩོམ་སྒྲིག་པ་རྣམས་དང་ལྷན་དུ་དྲན་རྟེན་སྐུ་པར་སྒྲོན་རྗེས་བཞུགས་སྒར་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད། །