༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༠༥ ཚེས་ ༠༩ རེས་གཟའ་ཟླ་བ་ཉིན་གྱི་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བརྒྱད་གཏོར་ཆེན་མོའི་ཚོགས་མགོན་དུ་ཆིབས་སྒྱུར་དང་། དགེ་སློང་གི་སྡོམ་པ་འབོག་ཆོག་མཛད་ཡོད།
དེ་ཡང་སྡོམ་པ་འབོག་ཆོག་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་རྣམ་པ་ཚོ་ཁྱིམ་ནས་ཁྱིམ་མེད་པ་རབ་ཏུ་བྱུང་བའི་ཐོག་བསྙེན་རྫོགས་སྒྲུབ་རྒྱུ་རེད། ཧ་ཅང་བསྐལ་པ་བཟང་པོ་རེད། སྟོན་པ་བཅོམ་ལྡན་འདས་རང་ཉིད་རྒྱལ་པོའི་སྲས་རེད། བཙུན་མོ་མང་པོ་ཡོད་ཀྱང་ཁྱིམ་སྤངས་ནས་རབ་བྱུང་གི་སྒོ་ནས་བསྙེན་པར་རྫོགས་པ་དང་། མྱ་ངན་ལས་འདའ་ཁ་བར་དུ་བསྙེན་རྫོགས་ཧ་ཅང་མང་པོ་སྒྲུབ་གནང་འདུག ངོས་ཀྱིས་རྡོ་རྗེ་གདན་དུ་ཐུབ་དབང་རིན་པོ་ཆེའི་སྐུ་མདུན་དུ་བསྙེན་རྫོགས་བསྒྲུབས་པ་ཡིན། ཧ་ཅང་བསྐལ་པ་བཟང་པོ་བྱུང་། ཞེས་སོགས་ཀྱི་བཀའ་སློབ་སྩལ།སྤྱིར་ཟླ་འདིའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གདན་ས་སེ་འབྲས་དགེ་གསུམ་དང་། བཀྲ་ཤིས་ལྷུན་པོ། སྲད་རྒྱུད་གྲྭ་ཚང་། བཀའ་བརྒྱུད་མཐོ་སློབ། རྫོང་སར་བཤད་གྲྭ། རྫོང་དཀར་ཆོས་སྡེ། རྟ་དབང་དགོན་རྩེ་རབ་རྒྱས་གླིང་། རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན། ཤེལ་དཀར་ཆོས་སྡེ། ཀོ་པཎ་དགོན། ལ་དྭགས་དཔེ་ཐུབ་དགོན། ཁྲིག་རྩེ་དགོན། བདེ་སྐྱིད་དགོན། ཀིརྟི་བྱེས་པ་གྲྭ་ཚང་། དྷ་ས་རིགས་ལམ་སློབ་གཉེར་ཁང་། རུ་ཐོག་ལྷུན་གྲུབ་ཆོས་སྡིངས། རོང་ཤར་ཆུ་དབར་འགྲོ་ཕན་གླིང་། འབྲི་གུང་བཀའ་བརྒྱུད་ངེས་དོན་རིན་ཆེན་དཔལ་རི་དགོན། སྤི་ཏི་དཀྱིལ་དགོན་པ། བཀྲ་ཤིས་འཁྱིལ། གོང་དཀར་ཆོས་སྡེ། སྐྱིད་གྲོང་བསམ་གཏན་གླིང་། ཟངས་དཀར་མུ་ནི་དགོན། དྭགས་པོ་བཤད་སྒྲུབ་གླིང་། དགའ་ལྡན་བྱམས་དགོན་གླིང་། འོད་ཅན་ཐུགས་རྗེ་ཆོས་གླིང་། སོག་ཡུལ་དགའ་ལྡན་ཐེག་ཆེན་གླིང་། དཔལ་ས་སྐྱ་ཆོས་འཕེལ་གླིང་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་། རྫོགས་ཆེན་ཨོ་རྒྱན་བསམ་གཏན་གླིང་། བལ་ཡུལ་གྲུབ་དགོན་བྱང་ཆུབ་ཆོས་གླིང་། ཁུ་ནུ་ཆོས་འཁོར་གླིང་། སྡོང་སྡེ་དགེ་ལྡན་ལེགས་བཤད་གླིང་བཅས་དང་། དེ་བཞིན་སི་པན། ཇར་མ་ནཱི། ཨཱ་ཡར་ལེནྜ། ཕ་རན་སི། ཨོསྟྲི་ཡཱ། ཨ་རི། ཝི་ཡཏ་ནཱམ། བལ་ཡུལ། ཨུ་རུ་སུ། སོག་པོ། བེལ་ཇི་ཡམ་བཅས་ནས་ཁྱོན་རབ་བྱུང་གྲངས་ ༦༣༠ ལ་བསྙེན་རྫོགས་ཀྱི་སྡོམ་པ་འབོག་ཆོག་མཛད་རྒྱུ་ཡིན་འདུག་པ་བཅས། །