༄༅། །མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་མི་ཤེ་ལེ་བྷ་ཤེ་ལེ་ཊི་ (Michelle Bachelet) ལགས་ཀྱིས་ཕྱི་ལོ་ ༢༠༢༢ ཟླ་ ༠༥ ཚེས་ ༢༨ ཉིན་རྒྱ་ནག་ནང་ཉིན་གྲངས་དྲུག་རིང་གི་གཟིགས་སྐོར་མཇུག་སྒྲིལ་གནང་ཡོད་པ་དང་། གཟིགས་སྐོར་མཇུག་སྒྲིལ་སྐབས་ལྕམ་སྐུ་མི་ཤེ་ལེ་བྷ་ཤེ་ལེ་ཊི་ལགས་ཀྱིས་ཐེངས་འདིའི་གཟིགས་སྐོར་དང་འབྲེལ་བའི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་ཁོང་གིས་རྒྱ་ནག་གཞུང་དང་ལྷན་དུ་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག ངོ་བོ་བཅས་སྲུང་སྐྱོབ་བྱེད་དགོས་པའི་གལ་གནད་དང་། བོད་མི་རྣམས་ལ་ཆོས་ལུགས་དང་གྲོས་མོལ་གྱི་ཐག་གཅོད་ཁག་གི་ནང་མཉམ་ཞུགས་བྱེད་རྒྱུའི་རང་དབང་ཆ་ཚང་སྤྲོད་དགོས་པའི་གལ་གནད་སྐོར་གླེང་གནང་ཡོད་པ་མ་ཟད། ཤེས་ཡོན་སྲིད་བྱུས་སྐོར་གྲོས་བསྡུར་དང་། བོད་པའི་ཕྲུ་གུ་རྣམས་ལ་སོ་སོའི་སྐད་ཡིག་དང་རིག་གཞུང་སློབ་སྦྱོང་བྱེད་དུ་འཇུག་དགོས་པའི་གལ་གནད་སྐོར་གླེང་སློང་གནང་ཡོད་པ་འཁོད་འདུག
ཐེངས་འདིའི་ལྕམ་སྐུ་མི་ཤེ་ལེ་བྷ་ཤེ་ལེ་ཊི་ལགས་ཀྱི་གཟིགས་སྐོར་ནི། ཕྱི་ལོ་ ༢༠༠༥ ནས་བཟུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ཞིག་རྒྱ་ནག་ནང་གཟིགས་སྐོར་དུ་ཕེབས་པ་ཐེངས་དང་པོ་ཆགས་ཡོད་པ་དང་། ལྕམ་སྐུ་མི་ཤེ་ལེ་བྷ་ཤེ་ལེ་ཊི་ལགས་ཀྱིས་ཐེངས་འདིའི་གཟིགས་སྐོར་སྐབས་རྒྱ་ནག་གཞུང་གིས་བོད་དང་། ཡུ་གུར། ལྷོ་སོག ཧོང་ཀོང་། རྒྱ་ནག་གི་ས་ཁུལ་གཞན་ཁག་བཅས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་སྐོར་རྟོག་ཞིབ་དང་ཐེར་འདོན་གནང་ཐུབ་མེད་སྟབས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་རྣམས་ལ་བློ་ཕམ་ཧ་ཅང་ཆེན་པོ་བྱུང་ཡོད། །