༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༡༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༠༠ ཙམ་ལ་རྒྱ་གར་གྲོས་ཚོགས་ཀྱི་དཔེ་མཛོད་ཁང་གི་ལས་བྱེད་སྐུ་ཞབས་ཨུ་ཇི་ཝལ་པན་ཌི་ (Ujjwal Pant, Committee Officer of the Indian Parliament Library) ལགས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་ཚོགས་གཞོན་ལས་ཁུངས་སུ་སྣེ་ལེན་མཇལ་འཕྲད་གནང་ཡོད།
སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། ལས་དོན་གནང་ཕྱོགས། གྲོས་ཚོགས་ཀྱི་འགྲོ་ལུགས་སོགས་ཀྱི་སྐོར་ལ་ངོ་སྤྲོད་དང་། དེ་བཞིན་སྐུ་ཞབས་ཁོང་གིས་བོད་དོན་སྐོར་དོགས་འདྲི་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས། སྐུ་ཞབས་ཁོང་ནས་འབྱུང་འགྱུར་ཕྱི་ཟླ་ ༩ པའི་ནང་རྒྱ་གར་གྲོས་ཚོགས་འཐུས་མི་གང་མང་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་གཟིགས་སྐོར་སྣེ་ཁྲིད་གནང་རྒྱུའི་ཞལ་བཞེས་དང་། ཁོང་ཉིད་རྒྱུན་དུ་ནས་བོད་ཀྱི་གནད་དོན་དང་། ལྷག་པར་དུ་བོད་ཀྱི་རྒྱལ་རབས་ཐོག་ཐུགས་སྣང་ཆེན་པོ་གནང་གི་ཡོད་སྐོར་སོགས་གསུངས་གནང་རྗེས། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་དུ་ཕེབས་གནང་ཡོད་པ་བཅས། །