༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་པདྨ་གཡུ་སྒྲོན་ལགས་དང་། ལས་དྲུང་བསོད་ནམས་སྒྲོལ་མ་ལགས་རྣམ་གཉིས་ཕྱི་ལོ་ ༢༠༢༢ ཟླ་ ༠༥ ཚེས་ ༠༩ ནས་ ༡༤ བར་ཏེ་ཛུ་དར་རྒྱས་གླིང་དང་། མེའོ་ཆོས་འཕེལ་གླིང་། བསྟན་འཛིན་སྒང་བོད་མིའི་གཞས་ཆགས་སུ་འཕྲོད་བསྟེན་དང་འབྲེལ་བའི་གནས་སྟངས་རྟོག་ཞིབ་གནང་ཡོད།
དེ་ཡང་གོང་གསལ་ས་གནས་སོ་སོའི་ས་གནས་འགོ་འཛིན་དང་ས་གནས་འཐུས་ཚོགས། ས་གནས་རང་བདེན་ཚོགས་ཆུང་། སྤྱི་མི་སོགས་ལ་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་གཞི་གཙོ་ཆེ་ཁག་ངོ་སྤྲོད་གནང་ཡོད། བསྟན་འཛིན་སྒང་དུ་ཕྱོགས་ཕེབས་སྐབས་དྲུང་གཞོན་པདྨ་གཡུ་སྒྲོན་ལགས་དང་ས་གནས་འགོ་འཛིན་བསྟན་འཛིན་རིན་ཆེན་ལགས་རྣམ་གཉིས་ཀྱིས་ཨ་རུ་ཎཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་དང་། གྲོས་ཚོགས་འཐུས་མི། རྫོང་དཔོན་བཅས་དང་མཇལ་འཕྲད་ཞུས་ཏེ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་རྒྱ་གར་གཞུང་ནས་བཙན་བྱོལ་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་གནང་བར་བཀའ་དྲིན་ཆེ་ཞུ་ཡོད་པ་མ་ཟད། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་ས་གནས་བོད་མི་རྣམས་ལ་འཕྲད་བཞིན་པའི་དཀའ་ངལ་གཙོ་ཆེ་ཁག་སྙན་གསང་ཞུས་པར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་དཀའ་ངལ་དེ་དག་གང་མགྱོགས་སེལ་རྒྱུའི་ཞལ་བཞེས་གནང་ཡོད་པ་བཅས། །