༄༅། །རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་ (International Tibet Network) གིས་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༢༧ ནས་ ༢༩ བར་ཉིན་གྲངས་གསུམ་རིང་སི་པན་རྒྱལ་ཁབ་ཀྱི་གྲོང་ཁྱེར་བྷར་སི་ལོ་ནར་ (Barcelona) རྟེན་གཞི་བྱས་པའི་བོད་ཁང་དུ་ཨཕ་རི་ཀ་དང་། ཨ་རི། ཡུ་རོབ། ཨེ་ཤི་ཡ་བཅས་ཀྱི་རྒྱལ་ཁབ་ ༡༨ ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་སྐུ་ཚབ་གྲངས་ ༥༥ ལྷག་བསྐོང་ཚོགས་ཀྱིས་ཚོགས་འདུ་ཚོགས་ཡོད་པ་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གིས་མགྲོན་འབོད་གནང་བ་ལྟར་བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་ཚོགས་འདུར་མཉམ་ཞུགས་གནང་ཡོད། ཚོགས་འདུ་དེ་བཞིན་ཏོག་དབྱིབས་གཉན་རིམས་བྱུང་རྗེས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་སྐུ་ཚབ་རྣམས་ཚོགས་འདུ་དངོས་སུ་ཚོགས་པ་ཐེངས་དང་པོ་ཆགས་ཀྱི་ཡོད།
ཉིན་གྲངས་གསུམ་རིང་གི་ཚོགས་འདུའི་ཐོག་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་སོ་ཕི་རི་ཆ་ཌི་སན་ (Sophie Richardson) ལགས་དང་། བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་བཀྲས་མཐོང་ལྷ་སྒྲོན་ལགས། བོད་དོན་སྐོར་ཆེད་མཁས་པ་དང་རྩོམ་པ་པོ་ཀེ་ཊེ་སོན་ཌར་སི་ (Kate Saunders) ལགས། ཡུ་རོབ་དང་ལྷོ་ཨཕ་རི་ཀའི་ཁུལ་གྱི་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་ཐུབ་བསྟན་རྒྱ་མཚོ་ལགས། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་སྐུ་ཚབ་རྣམས་མཉམ་ཞུགས་ཀྱིས་དོན་ཕན་ལྡན་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཇི་ལྟར་སྤེལ་ཕྱོགས་སྐོར་གྲོས་བསྡུར་དང་བགྲོ་གླེང་ལྷུག་པོ་གནང་ཡོད།སྤྱིར་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གིས་འཛམ་གླིང་གི་རྒྱལ་ཁབ་ཁག་གི་རྒྱལ་སའི་ནང་ལོ་ལྟར་ལོ་འཁོར་ཚོགས་འདུ་འཚོགས་ཀྱི་ཡོད་ཀྱང་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་ད་བར་དེ་ལྟར་ཚོགས་ཐུབ་མེད་པ་རེད། གཞན་ཡང་བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་སི་པན་བོད་རིགས་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་དང་ཐུག་འཕྲད་ཀྱིས་བཀའ་ཤག་སྐབས་བཅུ་དྲུག་པའི་ལས་དོན་གནང་ཕྱོགས་སྐོར་དང་། ས་གནས་བོད་མི་རྣམས་ནས་རྒྱབ་སྐྱོར་གནང་དགོས་པའི་གལ་གནད་སྐོར་གསུངས་པ་དང་འབྲེལ་སི་པན་ནང་ཡོད་པའི་བོད་མི་རྣམས་ཀྱིས་བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་བརྒྱ་ཆ་བརྒྱ་ནས་བརྒྱ་འབུལ་གྱི་ཡོད་སྟབས་དེར་རྗེས་སུ་ཡི་རང་དང་བསྔགས་བརྗོད་གནང་ཡོད།
ཚོགས་འདུ་གྲོལ་རྗེས་སི་པན་བོད་རིགས་ཚོགས་པའི་ངོས་ནས་བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་ཀྱི་འགན་བཞེས་རྗེས་སི་པན་ནང་ཐེངས་དང་པོ་འཚམས་གཟིགས་སུ་ཕེབས་པར་དགོང་དྲོའི་གསོལ་ཚིགས་འདེགས་འབུལ་ཞུས་གནང་ཡོད་པ་བཅས།།