༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༠༢ ཉིན་ཕ་རཱན་སིའི་གྲོས་ཚོགས་གོང་མའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཇེཀ་ལིན་ (Jacqueline Eustache-Brinio) མཆོག་གིས་སྣེ་ཁྲིད་འོག་ཕ་རཱན་སིའི་གྲོས་ཚོགས་གོང་མའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ཕ་རཱན་སིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཇོ་ལེ་མེ་ལམ་ (Joêlle Garriaud-Maylam) མཆོག་དང་། སྐུ་ཞབས་ཨན་ཌི་རེ་གྷ་ཊོ་ལིན་ (André Gattolin) མཆོག སྐུ་ཞབས་ཨེ་ལེན་ཧོ་པར་ཊི་ (Alain Houpert) མཆོག དེ་བཞིན་ཕ་རཱན་སིའི་གྲོས་ཚོགས་གོང་མའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ཚོགས་ཆུང་གི་དྲུང་ཆེ་སྐུ་ཞབས་ཐེ་རེ་མུ་ནིར་ (Thierry Munier) ལགས་བཅས་ཕ་རཱན་སིའི་འབྲེལ་མཐུད་ལས་ཁུངས་སུ་ཆེད་ཕེབས་ཀྱིས་བོད་དོན་ལ་གདུང་སེམས་མཉམ་སྐྱེ་དང་རྒྱབ་སྐྱོར་གནང་ཡོད་པ་དང་། སྐབས་དེར་བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་དང་ཕ་རཱན་སིའི་འབྲེལ་མཐུད་པ་རྣམ་རྒྱལ་བསམ་གྲུབ་ལགས་ཀྱིས་ཁོང་རྣམ་པ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་གནང་ཡོད།དེ་ཡང་བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཕ་རཱན་སིའི་གྲོས་ཚོགས་གོང་མའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་རྣམ་པས་བོད་དོན་སླད་མུ་མཐུད་རྒྱབ་སྐྱོར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ཁོང་རྣམ་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཕྲོད་བཞེས་དང་མཛད་འཆར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་ནང་ཨ་རིའི་གནད་ཡོད་མི་སྣ་རྣམས་ཀྱིས་གཙོས་ལས་བྱེད་རྣམས་དང་མཇལ་འཕྲད་གནང་བའི་སྐོར་སྙན་སེང་ཞུས་གནང་ཡོད།
དེ་བཞིན་བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་མི་ཤེལེ་བྷཤེ་ལེཌི་ (Michelle Bachelet) མཆོག་ཕྱི་ཟླ་ ༥ ནང་ཤར་ཏུར་ཀི་སི་ཐན་ནང་གཟིགས་སྐོར་དུ་ཕེབས་འཆར་ཡོད་པ་དེར་དགའ་བསུ་དང་། བོད་ནང་གི་གནས་སྟངས་ཉིན་རེ་བཞིན་ཇེ་སྡུག་ཇེ་ཞན་དུ་འགྲོ་བཞིན་ཡོད་པས་ཧ་ཅང་ཛ་དྲག་ཅན་ཆགས་ཡོད་སྟབས། ཕ་རཱན་སིའི་གྲོས་ཚོགས་གོང་མའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་རྣམ་པས་ངེས་པར་དུ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་མི་ཤེལེ་བྷཤེ་ལེཌི་མཆོག་ལ་བོད་དོན་སྐོར་གླེང་སློང་དང་འབྱུང་འགྱུར་གྱི་གཟིགས་སྐོར་སྐབས་བོད་ནང་གཟིགས་སྐོར་དུ་ཕེབས་དགོས་པའི་རེ་སྐུལ་གནང་རོགས་ཞེས་འབོད་སྐུལ་ཞུས་གནང་ཡོད།ཕྱོགས་མཚུངས་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་འབྱུང་འགྱུར་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་གཏན་ཁེལ་ཡོད་པས་ཕ་རཱན་སིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་གང་མང་ཚོགས་འདུ་དེར་མཉམ་ཞུགས་གནང་དགོས་པའི་རེ་སྐུལ་ཞུས་གནང་ཡོད།
གཞན་ཡང་ཕ་རཱན་སིའི་འབྲེལ་མཐུད་ལས་ཁུངས་སུ་ཡུ་རོབ་ཀྱིས་བོད་ལ་གདུང་སེམས་མཉམ་སྐྱེ་གནང་སྟེ་བོད་ཀྱི་གྲོང་གསེབ་ཁག་གཅིག་ལ་གཅེས་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞེས་པའི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཡོད་པ་དང་། ཕ་རཱན་སིའི་གྲོས་ཚོགས་གོང་མའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཇེཀ་ལིན་མཆོག་གིས་དཔེ་དེབ་དེ་དབུ་འབྱེད་གནང་ཡོད། དཔེ་དེབ་དེའི་འགྲོ་གྲོན་ཕ་རཱན་སིའི་རོགས་ཚོགས་ ( Aide à L’enfance tibétaine) ཞེས་པས་གནང་ཡོད། ད་བར་ཡུ་རོབ་ཀྱི་གྲོང་སྡེ་གྲངས་ ༧༦ གིས་བོད་ཀྱི་གྲོང་སྡེ་དང་གྲོང་གསེབ་ལ་གཅེས་སྐྱོང་དང་གཟིགས་རྟོག་གནང་བཞིན་ཡོད་པ་བཅས།།