༄༅། །ནོར་འཛིན་དབང་མོ་ལགས་སུ་བཙོན་ཁང་དུ་གཅར་རྡུང་མནར་གཅོད་ཚད་མེད་བཏང་སྟེ་ནད་པ་ཆགས་རྗེས་རང་ཁྱིམ་དུ་བཏང་ཡོད་འདུག
དེ་ཡང་བོད་ཀྱི་དུས་བབ་གསར་ཁང་ནས་གནང་ཚུལ་སྤེལ་གསལ་ལྟར་ན། ཕྲུ་གུ་གསུམ་གྱི་ཨ་མ་ནོར་འཛིན་དབང་མོ་ལགས་བོད་སྐྱེ་རྒུ་མདོའི་བུད་མེད་ཀྱི་བཙོན་ཁང་ཞིག་ཏུ་བཅུག་སྟེ། གཅར་རྡུང་མནར་གཅོད་དང་ངལ་རྩོལ་སྡུག་སྦྱོང་ཚད་མེད་བཏང་རྐྱེན་རྐང་ལག་དང་གཟུགས་པོ་ཧྲིལ་བོར་རྨས་སྐྱོན་ཧ་ཅང་ཚབས་ཆེན་བཟོས་རྗེས། སྨན་བཅོས་བྱེད་དགོས་ཚུལ་བརྗོད་དེ་གནས་སྐབས་རིང་རང་ཁྱིམ་དུ་བཏང་ཡོད་ཀྱང་། རང་ཁྱིམ་དུ་སྨན་ལ་བསྟེན་པ་ཙམ་ལས་རང་དབང་གིས་སྨན་ཁང་སོགས་སུ་འགྲོ་སྐྱོད་བྱེད་དབང་མེད་པར་མུ་མཐུད་རྟོག་ཞིབ་འོག་བཞག་འདུག
འདི་གའི་གནས་ཚུལ་མཁོ་སྤྲོད་པས། ནད་པ་ཆགས་རྗེས་ཁྱིམ་ལ་སྨན་བཅོས་བྱེད་དུ་མངགས་ཡོད་ནའང་། འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོག་དང་དམ་དྲག་ཤུགས་ཆེན་བྱས་ཏེ་རང་དབང་གི་སྒོ་ནས་སྨན་བཅོས་ཡག་པོ་ཞིག་བྱེད་ཐབས་མི་འདུག ཅེས་བརྗོད་བྱུང་།
གསར་འགོད་པས་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། ནོར་འཛིན་དབང་མོ་ལགས་ཟླ་འདིའི་ཕྱི་ཚེས་ ༠༢ ཉིན་སྐྱེ་རྒུ་མདོའི་བུད་མེད་བཙོན་ཁང་ཞིག་ནས་ཆུ་དམར་ལེབ་རྫོང་ཉེན་རྟོག་ཁང་དུ་བསྐྱལ་ཡོད་པ་དང་། དེ་གར་ཁྱིམ་མི་ལེན་དུ་ཡོང་དགོས་པའི་བརྡ་ལན་འབྱོར་བ་ལྟར། ཁྱིམ་མི་ལེན་དུ་ཕྱིན་སྐབས་རྫོང་ཉེན་རྟོག་པ་གསུམ་གྱི་ལྟ་རྟོག་འོག་ཁྱིམ་དུ་ལོག་དགོས་བྱུང་ཡོད་འདུག
བཙོན་ཁང་དུ་ནོར་འཛིན་དབང་མོར་གློག་རྒྱུག་གིས་རྡུང་རྡེག་ཚད་མེད་བཏང་བའི་རྐྱེན་གྱིས་རྐང་ལག་གཉིས་ཀ་དང་གཟུགས་པོ་ཧྲིལ་བོར་སྔོ་སྨུག་དང་རྨ་ཤུལ་གྱིས་ཁེངས་ཡོད་པ་མ་ཟད། གཟུགས་པོ་ཧྲིལ་པོ་འགུལ་སྐྱོད་བྱེད་དཀའ་བ་དང་། སྒོ་ཕྱི་ནང་དུའང་མི་གཉིས་ཀྱིས་སྐྱོར་ཏེ་མ་སོང་ན་རང་འགུལ་གྱིས་འགྲོ་སྐྱོད་ཐུབ་ཀྱི་མེད་པ་རེད།
ཕྱི་ལོ་ ༢༠༢༠ ཟླ་ ༥ པའི་ནང་ཆུ་དམར་ལེབ་རྫོང་མི་མང་ཁྲིམས་ཁང་ཟེར་བས་གསང་བའི་ཁྲིམས་ར་ཚོགས་ཏེ། ནོར་འཛིན་དབང་མོ་ལགས་སུ་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༧ ཉིན་བསྟན་འཛིན་ཤེས་རབ་ལགས་ཀྱིས་ཆུ་དམར་ལེབ་རྫོང་ཆིག་སྒྲིལ་གྲོང་རྡལ་དུ་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་ཕྱིར་བསྒྲགས་བྱས་ལུགས་ཀྱི་ཉེས་མིང་འོག་མི་ལོ་ ༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།
འདས་པའི་ལོ་ངོ་འདི་དག་རིང་རྒྱ་གཞུང་གིས་བོད་མི་ཚོར་ “རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་” དང་། “ཁ་བྲལ་རིང་ལུགས་པར་ངན་སྐུལ་” བྱས་ལུགས་ཀྱི་ཉེས་མིང་སྣ་ཚོགས་བཙན་འགེལ་བྱས་པ་ངོས་ལེན་མ་བྱས་པའི་རྐྱེན་གྱིས། བོད་མི་མང་པོར་མི་སྤྱོད་ལས་འདས་པའི་གཅར་རྡུང་མནར་གཅོད་བཏང་ནས་བཙོན་ཁང་དུ་འདས་གྲོངས་སུ་ཕྱིན་པ་དང་། དེ་བཞིན་བཙོན་འཇུག་དུས་ཡུན་མ་རྫོགས་སྔོན་ལ་རང་ཁྱིམ་དུ་བཏང་སྟེ་ཉིན་ཤས་ཀྱི་རྗེས་དང་། ཡང་ན་ཟླ་ཤས་ཀྱི་རྗེས་སུ་འདས་གྲོངས་སུ་ཕྱིན་པའི་ཡིད་སྐྱོའི་གནས་ཚུལ་བསྟུད་མར་བྱུང་ཡོད་པ་རེད།
ནོར་འཛིན་དབང་མོ་ལགས་ནི་ཁྲི་འདུ་རྫོང་སྡོམ་མདའ་ཞང་སྐར་ཆེན་སྡེ་བའི་རུ་ཆེན་དང་པོ་ནས་ཡིན་ཞིང་། ཕྱི་ལོ་ ༢༠༡༦ ལོར་ཁོང་མོ་ཆུ་དམར་ལེབ་རྫོང་ཆིག་སྒྲིལ་གྲོང་རྡལ་སྔོན་ལུང་ས་གནས་སུ་མནའ་མར་ཕྱིན་ནས་འབྲོག་པའི་འཚོ་བ་སྐྱེལ་བཞིན་ཡོད་པ་དང་། ཁོང་མོའི་བཟའ་ཟླའི་མིང་ལ་ཉི་མ་ཟེར་ཞིང་། ཁོང་གཉིས་ལ་རང་ལོ་ ༢ ནས་ ༥ ཅན་གྱི་བྱིས་པ་གསུམ་ཡོད་འདུག