༄༅། །འདི་གར་ཐའེ་ཝན་བོད་ཀྱི་སྐུ་ཐོག་མ་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཉེ་ལམ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གི་དབུས་དཔལ་ས་སྐྱའི་ཆོས་བརྒྱུད་འཛིན་པ་ཡོངས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སྐབས་༸གོང་ས་མཆོག་གི་བཀའ་སློབ་ཇི་ཕེབས་དང་། དཔལ་བདག་ཁྲི་རིན་པོ་ཆེ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དབུས་སྲི་ཞུའི་ལས་བྱེད་ཡོངས་ལ་བླང་དོར་བཀའ་སློབ་ཇེ་བསྩལ་གྱི་དགོངས་དོན་སྙིང་དུ་བཅངས་ནས་བོད་མི་ནང་ཁུལ་ཕན་ཚུན་ཚིག་དམོད་བྱས་རེས་བྱས་ཏེ་བསྡད་ན་ཕན་ཐོགས་སྐར་མ་གཅིག་ཀྱང་མེད་པས་ཚང་མས་དེ་ལུགས་དམ་དོན་ཡོང་བའི་རེ་བ་དང་འབྲེལ། དོན་གཅོད་ལས་ཁུངས་ནས་བར་ལམ་ཐའེ་ཝན་གྱི་སྲིད་འཛིན་གཞོན་པ་ཟུར་པ་དང་། ཕྱི་སྲིད་བློན་ཆེན་སོགས་མཇལ་ཏེ་གལ་ཆེའི་ལས་རིམ་ཁག་ཇི་སྤེལ་ངོ་སྤྲོད་ཞུས་རྗེས། དེང་སང་ཐའེ་ཝན་དུ་ནད་དུག་གི་རྦ་རླབས་ཆེས་ཆེར་རྡོལ་བཞིན་པའི་ཛ་དྲག་གི་དུས་སྐབས་དེར། ང་ཚོ་འདིར་ཁྲ་ཚོགས་ཚོགས་འཛོམས་ཐུབ་པ་ནི་བླ་མ་སྐྱེས་ཆེན་དམ་པ་རྣམས་ཀྱི་བྱིན་རླབས་ཡིན་པ་དང་། དེ་རིང་ལས་དོན་གལ་ཆེ་བ་གསུམ་སྐོར་རྣམ་པ་ཚོར་གསལ་བཤད་དང་གོ་བསྡུར་ཞུ་དགོས་པ་ནི། དོན་ཚན་དང་པོ་ནི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་ཕྱོགས་སྐོར་ནད་དུག་ཁྱབ་བརྡལ་དང་། དོན་གཅོད་ཨ་རིར་ཚོགས་འདུ་བཅར་དགོས་པ་བཅས་ལ་བརྟེན། ཕྱི་ཟླ་ ༦ ཚེས་ ༡༧ དགོང་མོ་ཚོུད་ ༦ པ་ནས་ ༩།༣༠ བར་ཧྥུ་ཧྭ་གསོལ་མགྲོན་ཁང་དུ་ཕྱི་ནང་གི་སྐུ་མགྲོན་ ༡༠༠ ཙམ་གདན་འདྲེན་ཞུ་སྟེ་གསོལ་སྟོན་བསྡུས་པ་ཞིག་གཏོང་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་དོན་ཁང་ནས་སྤེལ་རྒྱུ་ཡིན་པ་རང་རེ་བོད་མི་ཚང་མར་མ་གོ་མ་ཐོས་མེད་པར་ཁྱབ་བསྒྲགས་གནང་སྐྱོང་ཡོང་བ་ཞུ་རྒྱུ་དང་། གཞན་དོན་ཚན་གཉིས་པ་དང་གསུམ་པ་རྩིས་དྲུང་ཚེ་རྡོ་ལགས་ཀྱིས་ཚང་མར་འགྲེལ་བརྗོད་གནང་རོགས་ཞེས་གསུངས།
དེ་ནས་རྩིས་དྲུང་ནས་དོན་ཚན་གཉིས་པ་དཔལ་ལྡན་བཀའ་ཤག་སྐབས་ ༡༦ པའི་བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེེར་གྱི་ལས་དོན་གལ་ཆེ་ཞིག་
བཀོད་སྒྲིག་གནང་ཡོད་པ་དང་། དོན་ཚན་གསུམ་པ་ནི་བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁུངས་ནས་སྲིད་སྤྱིའི་འོས་བསྡུ་གྲུབ་མཚམས་དགེ
་སྐྱོན་དང་། ཡར་རྒྱས་ཚགས་ཚུད་གཏོང་ཕྱོགས་ཀྱི་འགེངས་ཤོག་ས་གནས་འོས་བསྡུའི་ཚོགས་མི་དང་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་རྣམས་ནས་བསྐང་དགོས་པ་གནད་དོན་དེ་གཉིས་ཆགས་འདུག མི་འབོར་གྲངས་བཤེར་ཞུ་ཕྱོགས་སྐོར་ཕྱི་དྲིལ་ལས་ཁུངས་ནས་ཐེངས་གཅིག་དང་། དཔལ་ལྡན་སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་ཚོགས་འདུ་ཐེངས་གཅིག་འཚོགས་ཏེ་ཕྱི་རྒྱལ་དུ་བོད་རིགས་མཐུན་ཚོགས་ཁག་ནས་གལ་ཆེའི་ལས་རིམ་དེར་མཉམ་ཞུགས་དང་མཐུན་འགྱུར་དགོས་པ་གསུངས་འདུག་ན། འབྲེལ་ཡོད་ཚོགས་གཙོ་སོགས་ཀྱི་གློག་འཕྲིན་ཞལ་བྱང་སོགས་ཕུལ་ཟིན་པ་ཡིན་ཞེས་གསུང་རྗེས་མི་འབོར་གྲངས་བཤེར་གྱི་འགེངས་ཤོག་བསྐང་སྟངས་དང་འབྲེལ་ཡོད་དོགས་འདྲི་ཁག་ལ་ལན་འདེབས་མཐིལ་ཕྱིན་ཞུས། དེ་ནས་དོན་ཚན་གསུམ་པ་འོས་བསྡུ་ལས་ཁུངས་ཀྱི་འགེངས་ཤོག་བསྐང་སྟངས་སྐོར་འགྲེལ་བཤད་ཟིན་རྗེས་འགེངས་ཤོག་འབྲེལ་ཡོད་ཚང་མར་འགྲེམས་སྤེལ་ཞུས་པ་དང་། ལས་དོན་སྤྱི་ཡོངས་སྒྲུབ་ཕྱོགས་སྐོར་ཕན་ཚུན་བར་བགྲོ་གླེང་ལྷུག་པོ་བྱུང་ཡོད་པ་རེད།
ཕྱི་ཟླ་ ༥ ཚེས་ ༣༠ དང་ ༣༡ ཉིན་གཉིང་རིང་དོན་ཁང་གི་ལྟ་གྲུབ་རྒན་དགེ་བཤེས་འཇམ་དཔལ་ཆོས་འཛིན་ལགས་ཀྱི་ལས་དོན་རྩིས་སྤྲོད་རྩིས་ལེན་གྱི་ལས་མགོ་བརྩམས་པ་དང་། དེ་ཡང་དོན་ཁང་གི་ནང་ཆོས་འཛིན་གྲྭའི་རྒན་བདག་ལགས་ཀྱི་ཕྱག་རོགས་འོག་ཆོས་ཁང་ནང་གི་ཅ་དངོས་གསར་རྙིང་ཡོངས་སུ་རྫོགས་པ་མཚོན་ཁྲའི་པར་རིས་ཅན་ཤོག་གྲངས་ ༡༦ ཡོད་པ་ཞིག་སྐུ་ཚབ་དོན་གཅོད་འབའ་སྐལ་བཟང་རྒྱལ་མཚན་ལགས་ཀྱི་སྤྲོད་དཔང་འོག་ཕྱི་ཟླ་ ༥ ཚེས་ ༣༡ ཉིན་ལྟ་གྲུབ་རྒན་འཇམ་དཔལ་ཆོས་འཛིན་ལགས་ཀྱིས་དོན་ཁང་གི་རྩིས་དྲུང་ཚེ་རིང་རྡོ་རྗེ་ལགས་ལ་རྩིས་འབུལ་ཞུས་ཡོད།ཐའེ་ཝན་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ལྟ་གྲུབ་རྒན་དགེ་བཤེས་འཇམ་དཔལ་ཆོས་འཛིན་ལགས་སྔ་རྗེས་སུ་མི་ལོ་ ༡༧ ཙམ་རིང་ཆོས་དགེའི་འགན་བཞེས་ཡོད་པ་དང་། ཕྱི་ཟླ་ ༥ ཚེས་ ༣༡ ཉིན་ནི་ལས་ཉིན་མཐའ་མ་ཡིན་སྟབས། བོད་མིའི་སྒྲིག་འཛུགས་ནས་ཡོངས་གྲགས་རྒྱུགས་བཞེས་ཀྱི་ལམ་ནས་ལྟ་གྲུབ་རྒན་གསར་པ་བསྐོ་གཞག་གནང་རྒྱུ་ཡིན་འདུག་པ་དང་། ཕྱི་ཟླ་ ༥ ཚེས་ ༢༧ ཉིན་དོན་ཁང་གི་ལས་བྱེད་དང་། བོད་རིགས་ཚོགས་པའི་སྐུ་ཚབ། ནང་ཆོས་འཛིན་གྲྭའི་སྐུ་ཚབ་བཅས་ནས་ལྟ་གྲུབ་རྒན་ལ་ཕེབས་བསྐྱེལ་གྱི་གསོལ་སྟོན་ཡང་གཤམས་ཡོད། །