༄༅། །དེ་རིང་ནི་ནང་པ་སྤྱི་དང་། ལྷག་པར་བོད་མི་དང་། འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་དོན་རྒྱབ་སྐྱོར་བ་ཡོངས་ནས་ཕྱི་ལོ་ ༡༩༩༥ ཟླ་ ༠༥ ཚེས་ ༡༧ ཉིན་གྱི་མཚན་མོར་རྒྱ་ནག་གཞུང་གིས་༸ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་དང་། ཡབ་ཡུམ། དེ་བཞིན་རྒྱ་གཞུང་རང་ནས་ཡང་སྲིད་རྩད་འཚོལ་བར་བསྐོ་གཞག་བྱས་པའི་བྱ་བྲལ་བྱམས་པ་འཕྲིན་ལས་རིན་པོ་ཆེ་སྐུ་འཁོར་དང་བཅས་པ་འཛིན་བཟུང་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་ཏེ་མི་ལོ་ ༢༧ འཁོར་བཞིན་ཡོད་པ་དྲན་གསོ་ཞུ་བཞིན་ཡོད།
དེ་ཡང་ནུབ་ཕྱོགས་བདེ་ལྡན་ཞིང་གི་མགོན་པོ་མི་ཡི་རྣམ་པར་རོལ་བ་༸ཀུན་གཟིགས་ཡེ་ཤེས་ཀྱི་ཉི་མ་ཆེན་པོ་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་༸རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་ཕྱི་ལོ་ ༡༩༨༩ ཟླ་ ༤ ཚེས་ ༢༥ ཉིན་བོད་ལྗོངས་ནག་ཆུ་ལྷ་རི་རྫོང་གི་ས་ཡི་ལྟེ་བར་ཡབ་དཀོན་མཆོག་ཕུན་ཚོགས་དང་། ཡུམ་བདེ་ཆེན་ཆོས་སྒྲོན་གཉིས་ཀྱི་སྲས་སུ་སྐུ་བལྟམས་ནས་མི་ལོ་ ༣༣ འཁོར་བཞིན་ཡོད། ཕྱི་ལོ་ ༡༩༩༥ ཟླ་ ༠༥ ཚེས་ ༡༤ ཉིན་ཆུང་སྲིད་རིན་པོ་ཆེ་མཆོག་དགུང་གྲངས་དྲུག་ལ་ཕེབས་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་མཛད། འོན་ཀྱང་ཉིན་གྲངས་གསུམ་གྱི་རྗེས་ཏེ་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་གྱི་མཚན་མོར་རྒྱ་ནག་གཞུང་གིས་༸ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་དང་། ཡབ་ཡུམ། དེ་བཞིན་རྒྱ་གཞུང་རང་ནས་ཡང་སྲིད་རྩད་འཚོལ་བར་བསྐོ་གཞག་བྱས་པའི་བྱ་བྲལ་བྱམས་པ་འཕྲིན་ལས་རིན་པོ་ཆེ་སྐུ་འཁོར་དང་བཅས་པ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་མ་ཟད། ཕྱི་ལོ་ ༡༩༩༥ ཟླ་ ༡༡ ཚེས་ ༢༩ ཉིན་ལྷ་ལྡན་གཙུག་ལག་ཁང་དུ་གསེར་བུམ་དཀྲུགས་ཏེ་ཁྱེའུ་རྒྱལ་མཚན་ནོར་བུ་ཟེར་བ་ཞིག་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་ཡང་སྲིད་དུ་ངོས་འཛིན་གྱིས་ཁྱབ་བསྒྲགས་བྱས་ཡོད།
དེ་ནས་བཟུང་ད་བར་མཉམ་འབྲེལ་རྒྱལ་ཚོགས་དང་། ཨ་རི། ཨོསྟྲེ་ལི་ཡཱ། ཕ་རཱན་སི། ཡུ་རོབ་གྲོས་ཚོགས། དེ་བཞིན་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་པ་སོགས་ནས་རྒྱ་ནག་གཞུང་ལ་༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མགྱོགས་མྱུར་གློད་བཀྲོལ་གཏོང་དགོས་པའི་རེ་འདུན་བཏོན་གནང་ཡོད་ལ། དེ་བཞིན་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གིས་ཀྱང་རྒྱ་ནག་གཞུང་གིས་བོད་མིའི་ཐུན་མོང་མིན་པའི་ཡང་སྲིད་ངོས་འཛིན་ལམ་ལུགས་ལ་ཐེ་བྱུས་བྱས་དང་བྱེད་བཞིན་པའི་ཐད་ངོ་རྒོལ་གྱི་བསྒྲགས་གཏམ་དང་གྲོས་ཆོད་ཁག་བཞག་གནང་ཡོད།
རྒྱ་ནག་གཞུང་རང་ངོས་ནས་རྒྱ་ནག་གི་རྩ་ཁྲིམས་དང་རྒྱལ་སྤྱིའི་ཆིངས་ཡིག་ཁག་ལ་མིང་རྟགས་བཀོད་ཡོད་སྟབས། དེ་དག་ལ་བརྩི་སྲུང་ཞུས་ཏེ་༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་དུ་ཡོད་མེད་དང་སྐུ་གཟུགས་བདེ་ཐང་ཡིན་མིན་སྐོར་ཁ་གསལ་བྱེད་དགོས་པ་མ་ཟད། ༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གདན་སར་གདན་འདྲེན་ཞུས་ཏེ་ཆོས་ཕྱོགས་ཀྱི་སློབ་སྦྱོང་ཁག་སྤྲོད་དགོས། རྒྱ་ནག་གཞུང་གིས་བོད་པའི་ནང་པ་དང་། ཡུ་གུར། ཡི་ཤུ་པ་རྣམས་ཀྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་ཐེ་བྱུས་བྱེད་བཞིན་པ་མཚམས་འཇོག་བྱེད་དགོས།།