༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་རྣམ་གཉིས་ནས་ཕྱི་ཟླ་ ༤ ཚེས་ ༢༨ སྔ་དྲོ་རྒྱ་གར་ནང་སྙན་གྲགས་ཆེ་བའི་ཇེ་ཨེན་ཡུ་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་ལྕམ་སྐུ་ཤཾཏིཤྲཱི་པཾཌིཏ་མཆོག་ (Vice Chancellor Prof. Santishree D Pandit) མཇལ་འཕྲད་ཀྱིས་བར་ལམ་བོད་ཕྲུག་སློབ་མ་ཚོར་མཐོ་སློབ་དེར་སློབ་འཇུག་ཞུས་སྐབས་སློབ་ཡོན་ཆེན་པོ་འབུལ་མ་ཐུབ་པའི་དཀའ་ངལ་འཕྲད་བཞིན་པའི་སྐོར་ཞུས་ཡོད་འདུགཀེ་བི་ཨེས་སྤྱི་ཁྱབ་འགན་འཛིན་ལྕམ་སྐུ་ནི་དྷི་པཱཾཌེ་ (Ms. Nidhi Pandey, IIS) མཆོག་དང་ཁོང་གི་ལས་རོགས་རྣམས་དང་ལྷན།
གཙུག་ལག་སློབ་གཉེར་ཁང་འདིར་ལོ་ཤས་ནས་བོད་ཕྲུག་སློབ་འཇུག་ཞུ་མཁན་མང་དུ་ཕྱིན་ཡོད་པ་མ་ཟད། སློབ་གྲྭ་ཆེན་མོ་འདི་ནས་ཐོན་རྗེས་སློབ་ཕྲུག་རྣམས་མཐོ་སློབ་དེ་གའི་ནང་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྡེ་ཚན་ཁག་ནང་གསར་འགོད་པ་དང་། ཉམས་ཞིབ་པ། བློ་འདོན་བསྟི་གནས་ཁང་ཁག་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕྱག་ལས་གནང་བཞིན་ཡོད་འདུག མཇལ་འཕྲད་འདི་སྐོར་ཚོགས་འདུར་མཉམ་ཞུགས་གནང་མཁན་ལ་བཀའ་འདྲི་ཞུས་སྐབས་ཁོང་ནས་གསུང་དོན། “བར་ལམ་ལོ་མང་རིང་བོད་རིགས་སློབ་ཕྲུག་རྣམས་ཇེ་ཨེན་ཡུ་ནང་སློབ་འཇུག་ཞུ་སྐབས་སློབ་ཡོན་ཆེན་པོ་འབུལ་མ་ཐུབ་པའི་དཀའ་ངལ་ཞིག་འཕྲད་བཞིན་ཡོད་སྟབས་བཀའ་བློན་མཆོག་དང་དྲུང་ཆེ་གཉིས་དིལླཱིར་ཆེད་བསྐྱོད་ཀྱིས་གཙུག་ལག་སློབ་གཉེར་ཁང་འདིའི་ཉེ་བའི་རིགས་བདག་མཆོག་གིས་དབུས་པས་འགན་འཛིན་རྣམས་མཇལ་འཕྲད་ཀྱིས་བོད་ཕྲུག་དེ་དག་རྒྱ་གར་ནང་སྐྱེས་པའི་བོད་མི་སྐྱབས་བཅོལ་བ་མི་རབས་གསུམ་པ་བཞི་པ་ཡིན་སྐོར་དང་། བུ་ཕྲུག་དེ་དག་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ (CBSE) ཀྱིས་ངོས་ལེན་ཡོད་པའི་རྒྱ་གར་ནང་རྟེན་གཞི་བྱས་པའི་སློབ་གྲྭ་ཁག་ནས་ཐོན་པ་ཤ་སྟག་ཡིན་པས་བུ་ཕྲུག་དེ་དག་གི་དཔལ་འབྱོར་གྱི་གནས་སྟངས་སོགས་གང་ཅིའི་ཐད་ནས་རྒྱལ་ཁབ་གཞན་པ་ལྟར་སློབ་ཡོན་ཆེན་པོ་འབུལ་ཐུབ་ཐབས་མེད་པས་དགོངས་བཞེས་གནང་རོགས་ཞུས་སྐབས། ཉེ་བའི་རིགས་བདག་མཆོག་གིས་དབུས་པས་འགན་འཛིན་རྣམས་ནས་གསན་བཞེས་གང་ལེགས་གནང་སོང་། དེ་འདྲ་སོང་ཙང་གྲུབ་འབྲས་ཐོན་པའི་རེ་བ་ཞུ་གི་ཡོད།” ཅེས་གསུངས་གནང་སོང་།
ཉིན་གཅིག་སྔོན་ཏེ་ཕྱི་ཚེས་ ༢༧ ཉིན་ཤེས་རིག་བཀའ་བློན་མཆོག་གིས་དབུ་ཁྲིད་དེ་དྲུང་ཆེ་དང་སཾ་བྷོ་ཊ་སྤྱི་ཁྱབ་འགན་འཛིན་ནས་ཀེན་དྲིཡ། བིདྱཱལཡ། སཾགཋན། (Kendriya Vidyala Sangathan) ཡི་སྤྱི་ཁྱབ་འགན་འཛིན་ལྕམ་སྐུ་ནི་དྷི་པཱཾཌེ་ (Ms. Nidhi Pandey, IIS) མཆོག་དང་ཁོང་གི་ལས་རོགས་རྣམས་མཇལ་འཕྲད་ཀྱིས་མ་འོངས་པར་རྒྱ་གར་གཞུང་ནས་ཀེ་བི་ཨེས་ (KVS) སློབ་སྡེ་བརྒྱུད་དབུས་བོད་སློབ་འཛིན་ཚོགས་ནས་རྩིས་བླངས་ཟིན་པའི་སློབ་གྲྭ་ཁག་ལ་གནང་རྒྱུའི་རོགས་དངུལ་ལེན་ཕྱོགས་དང་། དེ་བཞིན་སློབ་སྡེ་གཉིས་དབར་གཉིས་མོས་གན་ཡིག་བཞག་ཕྱོགས་སོགས་དང་འབྲེལ་བའི་གནད་དོོན་མང་པོ་ཞིག་གི་ཐོག་གྲོས་བསྡུར་ཞིབ་ཕྲ་གནང་སྟེ་ཕན་ཚུན་རྒྱུས་ལོན་ཡག་པོ་བྱུང་འདུག་ལ། ཁོང་རྣམས་མཇལ་འཕྲད་ཞུས་པ་དེ་གནད་འགག་ཆེན་པོ་ཞིག་ལ་རྩིས་བཞིན་ཡོད་འདུག
སྔ་ལོ་རྒྱ་གར་ཤེས་རིག་བློན་ཆེན་ལས་ཁུངས་ནས་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་གཞི་རིམ་གོང་མའི་སློབ་གྲྭ་ལྷག་མ་རྣམས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་བརྒྱུད་དེབ་སྐྱེལ་ཡོད་པའི་སཾ་བྷོ་ཊ་བོད་སློབ་ཚོགས་པར་རྩིས་སྤྲོད་གནང་ཡོད། ཀེ་བི་ཨེས་སློབ་གྲྭའི་སྡེ་ཚན་འདི་ནི་ཕྱི་ལོ་ ༡༩༦༣ ལོར་རྒྱ་གར་གཞུང་གིས་གསར་འཛུགས་གནང་སྟེ་ད་བར་ལོ་ངོ་དྲུག་ཅུ་མན་ཙམ་འགྲོ་བཞིན་འདུག སློབ་སྡེ་འདི་ཁོངས་དེང་གི་ཆར་རྒྱ་གར་རྒྱལ་ཡོངས་ནང་སློབ་གྲྭ་ ༡༢༤༥ ཙམ་ཡོད་འདུག །