༄༅། །ཨོ་གླིང་བོད་རིགས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་དབུ་བརྙེས་ནས་ལོ་ངོ་བཅུ་འཁོར་བའི་དུས་ཆེན་དང་བསྟུན། ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༡༥ ནས་ ༡༨ བར་ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་སྐབས་བཅུ་པ་དེ་བཞིན་བོད་རིགས་མང་ཤོས་གནས་སྡོད་བྱེད་སའི་མངའ་སྡེ་ནེའུ་སོ་ཐི་ཝེལ་གྱི་སིཌ་ཎི་བྱང་ཕྱོགས་མཚོ་ངོགས་ས་ཁུལ་དུ་ཚོགས་ཡོད་པ་དང་། ཨོ་གླིང་བོད་རིགས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་དབུ་འབྱེད་མཛད་སྒོར་ཨོསྟྲེ་ལི་ཡཱའི་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས་གཙོས་གྲོང་སྡེའི་ (Northern Beaches Council) སྤྱི་ཁྱབ་ཡི་ཀེལ་རེ་གན་ (Michael Regan) ལགས། ནེའུ་སོ་ཐི་ཝེལ་གྱི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་མིག་དམར་ཚེ་རིང་ལགས་སོགས་ཕེབས་ཡོད།དེ་ཡང་ཨོསྟྲེ་ལི་ཡཱའི་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས་ཨོ་གླིང་བོད་རིགས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་དབུ་འབྱེད་གནང་བ་དང་འབྲེལ་ལུས་རྩལ་འགྲན་ཚོགས་ལོ་བཅུ་འཁོར་བའི་དུས་ཆེན་འདིར་ཨོསྟྲེ་ལི་ཡཱའི་མངའ་སྡེ་མང་པོ་ནས་གཞོན་སྐྱེས་བརྒྱ་ཕྲག་ལྷག་མཉམ་ཞུགས་གནང་གི་ཡོད་པའི་སྐོར་གོ་ཐོས་བྱུང་བས་ཧ་ཅང་དགའ་པོ་བྱུང་ཞེས་དང་། ངས་ད་ཐེངས་ཀྱི་མཛད་སྒོ་འདིར་རྒྱབ་སྐྱོར་བྱེད་མཁན་གྱི་ཚོགས་སྡེ་དང་འབྲེལ་ཡོད་ལས་བྱེད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གལ་སྲིད་ཁོང་རྣམ་པའི་རྒྱབ་སྐྱོར་མེད་ན་ལས་དོན་འདི་འདྲ་ལེགས་གྲུབ་འབྱུང་མི་སྲིད། དགའ་སྤོབས་སྐྱེ་འོས་པའི་གཞོན་སྐྱེས་ཀྱི་འདུ་འཛོམས་ལུས་རྩལ་འགྲན་ཚོགས་ནང་ཞུགས་མཁན་ཚང་མར་བཀྲ་ཤིས་བདེ་ལེགས་དང་། མི་རབས་རྒན་པ་རྣམས་རྫོགས་འགྲོ་ཡི་ཡོད་སྟབས་མི་རབས་གསར་པའི་གཞོན་སྐྱེས་རྣམས་ཀྱིས་འགན་འཁུར་མང་ཙམ་གནང་དགོས་པ་དང་། བོད་རིགས་ནང་ཁུལ་མཐུན་སྒྲིལ་གནང་དགོས་པ། ངོ་མཚར་ཆེ་བའི་མཛད་སྒོ་འདི་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས། ཐེངས་འདིའི་འགྲན་ཚོགས་སུ་ཨོསྟྲེ་ལི་ཡཱའི་མངའ་སྡེ་ནེའུ་སོ་ཐི་ཝེལ་དང་། ཁོན་སི་ལེན་ཌི། ཝེ་ཁུ་ཊོ་རི་ཡ། ཁན་བྷེ་ར། གནས་མཁར་གསར་བཅས་ན་རང་ལོ་ ༡༦ ནས་ ༣༥ བར་གཞོན་སྐྱེས་བརྒྱ་ལྷག་མཉམ་ཞུགས་བྱས་ཡོད་པ་དང་། རྐང་རྩེད་སྤོ་ལོ་དང་ལག་རྩེད་སྤོ་ལོའི་འགྲན་ཚོགས་འདི་ནི་སིཌི་ཎི་བོད་རིགས་མཐུན་ཚོགས་ཀྱིས་གོ་སྒྲིག་བྱས་པ་ཞིག་ཡིན་པ་དང་། འགྲན་ཚོགས་སྐབས་ཕྱི་ལོ་ ༢༠༢༣ ལོར་རྒྱ་གར་དུ་འཚོག་འཆར་ཡོད་པའི་སྐད་གྲགས་ཆེ་བའི་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་རྐང་སྤོལ་རྩེད་འགྲན་ལ་ཞུགས་མཁན་གྱི་མི་སྣ་འདེམས་སྒྲུག་བྱ་རྒྱུ་ཡིན། ཨོ་གླིང་བོད་རིགས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་དང་པོ་ཕྱི་ལོ་ ༢༠༠༩ ཟླ་ ༧ ཚེས་ ༦ ཉིན་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༤ ལ་ཕེབས་པའི་ཉིན་མོར་ཨོསྟྲེ་ལི་ཡཱའི་རྒྱལ་ས་ཁན་བྷེ་རར་ཚོགས་ཡོད།
ཨོ་གླིང་བོད་རིགས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་འདིའི་དགོས་དམིགས་གཙོ་བོ་ནི། བོད་རིགས་གཞོན་སྐྱེས་དང་ལོ་ཆུང་རྣམས་ལུས་རྩལ་འགྲན་བསྡུར་ནང་མཉམ་ཞུགས་བྱས་ཏེ་ཕན་ཚུན་འབྲེལ་འདྲིས་དང་ཁེར་རྐྱང་གི་འདུ་ཤེས་ཇེ་ཉུང་དུ་གཏོང་བ། ཨོསྟྲེ་ལི་ཡཱའི་སྤྱི་ཚོགས་ནང་མཉམ་ཞུགས་ཞུ་རྒྱུའི་གོ་སྐབས་བཟང་པོ་བསྐྲུན་ཐབས་བཅས་ཡིན།།