༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༡༢ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་འཛམ་གླིང་རྒྱལ་ཁབ་ཁག་གི་སྐོར་ཕྱི་ལོ་ ༢༠༢༡ ལོའི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ་བཏོན་པའི་ནང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་ཤོག་གྲངས་ ༢༥ དང་དོན་ཚན་ ༦ ཙམ་འཁོད་པའི་སྙན་ཐོ་བཏོན་འདུག
དེ་ཡང་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཕྱི་ལོ་ ༢༠༢༡ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ལོ་འཁོར་སྙན་ཐོ་བཏོན་པའི་ནང་རྒྱ་ནག་གཞུང་གིས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ལ་མནར་གཅོད་བཏང་དང་གཏོང་བཞིན་ཡོད་པ་མ་ཟད། མི་མང་ཁྲིམས་མེད་ལུགས་མེད་ཀྱིས་འཛིན་བཟུང་དང་བཀག་ཉར། དེ་བཞིན་དྲ་རྒྱའི་རང་དབང་དང་ཞི་བའི་འདུ་འཛོམས་རང་དབང་། བོད་བརྒྱུད་ནང་བསྟན་སོགས་ལ་དམ་བསྒྲགས་ཤུགས་ཆེ་བྱས་དང་བྱེད་བཞིན་པའི་སྐོར་འཁོད་ཡོད་པ་དང་། ལྷག་པར་སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་བོད་ཀྱི་ཆབ་སྲིད་བཙོན་པ་བསྟན་འཛིན་ཉི་མ་ལགས་དང་དཀོན་མཆོག་སྦྱིན་པ་ལགས་བཙོན་ཁང་ནང་ཉེས་རྡུང་ཚད་ལས་བརྒལ་བ་བཏང་སྟེ་འདས་གྲོངས་གྱུར་ཡོད་པའི་སྐོར་དང་། དེ་བཞིན་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། ཕྱི་ལོ་ ༢༠༡༩ ལོར་ཚེ་རིང་དོན་གྲུབ་ལགས། ཕྱི་ལོ་ ༢༠༢༠ ལོར་སྒོ་ཤེས་རབ་རྒྱ་མཚོ་ལགས། ཕྱི་ལོ་ ༢༠༢༡ ལོར་རྔ་པ་རྫོང་སྤྲོ་ཚིགས་དགོན་པའི་དགེ་བསྐོས་དཀོན་མེ་ལགས། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་པདྨ་རྫོང་ནས་ཡིན་པའི་བོད་མི་རྩོམ་པ་པོ་དང་ཤེས་ཡོན་པ་བློ་བཟང་ལྷུན་གྲུབ་བམ་སྨྱུག་མིང་ལ་དྷཱི་ལྷ་ལྡན་ལགས་ཕྱི་ལོ་ ༢༠༡༩ ཟླ་ ༦ ནང་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་ནས་འཛིན་བཟུང་བྱས་པའི་སྐོར་འཁོད་ཡོད།
གཞན་ཡང་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་བཙོན་ཁང་དུ་ཡོད་པའི་བཙོན་པ་རྣམས་ལ་ཞལ་ལག་དང་། གཙང་སྦྲ། སྨན་བཅོས་སོགས་ཀྱི་མཐུན་རྐྱེན་འདང་ངེས་སྤྲོད་ཀྱི་མེད་སྟབས། བཙོན་ཁང་གི་གནས་སྟངས་ཧ་ཅང་ཡ་ང་བ་ཡིན་པའི་སྐོར་འཁོད་ཡོད། དེ་བཞིན་རྒྱ་ནག་གཞུང་གིས་བྱེས་བཞུགས་བོད་མི་རྣམས་ལ་སྡིག་ར་དང་། སུན་གཙེར། བཙན་སྐུལ་བྱས་དང་བྱེད་བཞིན་པ་མ་ཟད། བོད་ནང་དུ་མཐོང་མཆན་ཞུ་མཁན་བོད་མི་རྣམས་ཀྱིས་གཙོས་ཁོང་ཚོའི་ནང་མི་རྣམས་ཀྱི་སྐོར་གསང་བའི་སྒོ་ནས་གནས་ཚུལ་བསྡུ་རུབ་བྱས་དང་བྱེད་བཞིན་པ། དགའ་ལྡན་ཕོ་བྲང་གི་ལས་བྱེད་དང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པའི་ལག་ཐོགས་ཁ་པར་ནང་འཇབ་འཛུལ་བྱས་ཡོད་པ་སོགས་ཀྱི་སྐོར་འཁོད་ཡོད།།