༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༠༤ ཚེས་ ༡༡ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་གི་མཇལ་འཕྲད་ཁང་དུ་འཛམ་གླིང་ཡུལ་གྲུ་ཁག་གི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་གི་གཟིམ་ཆུང་ནས་མཇལ་འཕྲད་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་བཞུགས་ཁྲིར་འཁོད་མཚམས་མགོན་པོ་གང་ཉིད་མཆོག་གིས་འཛམ་གླིང་གི་མི་རབས་གསར་པའི་གཞོན་སྐྱེས་རྣམས་ལ་བཀའ་སློབ་སྩལ་སྐབས། ངོས་ཀྱིས་ནིའུ་ཛི་ལེནྜའི་ (New Zealand) མའོ་རིའི་ལུགས་སྲོལ་ལྟར་སྣ་རྩེ་ཐུག་རེས་བྱེད་རྒྱུ་ཡིན་ཞེས་ཕྲུ་གུ་ཞིག་ལ་ཤངས་རྩེས་མཇལ་ཁ་སྩལ་རྗེས་བཀའ་སློབ་སྩལ་དོན། ངོས་ཀྱི་མི་རབས་རྣམས་ལ་དཀའ་ངལ་མང་དག་ཅིག་འཕྲད་མྱོང་ཡོད། མ་འོངས་པར་ཁྱེད་ཚོའི་མི་རབས་སྐབས་སུ་ཞི་བདེ་དང་འདྲ་མཉམ་མང་ཙམ་ཡོང་བའི་རེ་བ་ཆེན་པོ་ཡོད། དེར་བརྟེན་ཁྱེད་རང་ཚོ་མི་རེ་ངོ་རེར་འཛམ་གླིང་ནང་མི་ཐེར་འབུམ་བདུན་ཡོད་པ་རྣམས་གཅིག་གྱུར་ཡིན་པའི་འདུ་ཤེས་གཞིར་བཞག་ཐོག་དོན་དམ་གྱི་ཞི་བདེ་བསྐྲུན་རྒྱུའི་འགན་ཡོད།
དེང་སྐབས་གོ་ལའི་ཚ་དྲོད་འཕེལ་ནས་ཛ་དྲག་ཅན་གྱི་གནད་དོན་ཆགས་ཡོད། འདི་ལྟ་བུའི་ཛ་དྲག་གི་གནས་སྟངས་སྐབས་སུ་ཕན་ཚུན་དམག་འཁྲུག་བརྒྱབ་ནས་བེད་སྤྱོད་མེད། ད་ལྟ་ངའི་རྒྱལ་ཁབ་དང་། ངའི་གླིང་ཆེན་ཞེས་པའི་ཆེད་དུ་བསམ་བློ་གཏོང་རྒྱུའི་ཚབ་ལ་འཛམ་གླིང་གི་འགྲོ་བ་མིའི་རིགས་ཡོངས་ཀྱི་བདེ་སྡུག་གི་སླད་བསམ་བློ་གཏོང་དགོས་པའི་དུས་ལ་བབས་ཡོད།
དཔེར་ན་མི་ཞིག་ལ་དཀའ་ངལ་འཕྲད་བཞིན་པའི་སྐབས་དང་། དེ་བཞིན་མི་ཞིག་གྲོགས་མེད་ཁེར་རྐྱང་གི་དཀའ་ངལ་འཕྲད་བཞིན་པའི་སྐབས་མི་དེས་འགྲོ་བ་མི་གཞན་ཞིག་མཐོང་བ་ཡིན་ན་མི་དེའི་རྒྱལ་ཁབ་དང་། ཆོས་ལུགས། རིགས་རུས་གང་གི་ཁོངས་གཏོགས་ཡིན་མིན་ལ་མ་ལྟོས་པར་མི་གཞན་ཞིག་མཐོང་བ་ཙམ་གྱིས་སེམས་ལ་དགའ་ཚོར་སྐྱེ་ཡི་ཡོད། ང་ཚོའི་དཀའ་ངལ་རྣམས་ཛ་དྲག་ཅན་མིན་ཚེ་ང་ཚོས་ཆོས་ལུགས་དང་། རིགས་རུས། རྒྱལ་ཁབ་གང་གི་ཁོངས་གཏོགས་ཡིན་མིན་སྐོར་གལ་ཆེན་པོ་རྩི་ཡི་ཡོད། འགྲོ་བ་མིའི་ཚོགས་སྡེ་གཅིག་པ་ནང་དུའང་དབུལ་ཕྱུག་གང་ཡིན་མིན་སྐོར་གལ་ཆེན་པོ་རྩི་ཡི་ཡོད། དེང་སང་གོ་ལའི་ཚ་དྲོད་འཕེལ་བཞིན་པ་དེས་ང་ཚོ་ཚང་མ་འགྲོ་བ་མིའི་ཚོགས་སྡེ་གཅིག་ཡིན་པ་རྗོད་ཀྱི་ཡོད། ད་ནི་འགྲོ་བ་མིའི་རིགས་ཡོངས་ཀྱི་བདེ་སྡུག་ལ་བསམ་བློ་གཏོང་དགོས་པའི་དུས་ལ་བབས་ཡོད། ཐུགས་རྗེ་ཆེ། ཞེས་བཀའ་སློབ་སྩལ་ཡོད་པ་བཅས།།