༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རར་ཞོ་སྟོན་ཐེངས་ཉེར་ལྔ་པར་བཅར་བའི་ལྷ་མོའི་ཚོགས་པ་བརྒྱད་ཀྱི་ཟློས་གར་བ་རྣམས་དང་། རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་སྐབས་ལྔ་པའི་ཚོགས་ཆེན་ལ་བཅར་བའི་ཚོགས་མི་བཅས་ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཙམ་ལ་མགོན་པོ་གང་ཉིད་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་ཆིབས་སྒྱུར་བསྐྱངས་སྐབས་ལྷ་མོའི་ཚོགས་པ་བརྒྱད་ཀྱི་ཟློས་གར་བ་ཚོས་ཕེབས་བསུ་དང་བཅས་བཞུགས་ཁྲིར་འཁོད་མཚམས་བཀའ་སློབ་སྩལ་དོན། ལྷ་སར་ཞོ་སྟོན་ཉིན་བཞི་དང་། གཞས་ཕུད་ཉིན་གཅིག་བཅས་ཉིན་ལྔའི་རིང་ཡོད། དེའི་རིང་ངོས་རང་ཧ་ཅང་སྐྱིད་པོ་ཡོད། ཡོངས་འཛིན་རིན་པོ་ཆེ་ཕེབས་ནས་དཔེ་ཆ་སྐྱོར་དགོས་པ་གང་ཡང་མེད། ཨ་མ་ལགས་ཞོ་སྟོན་གྱི་ལྟད་མོར་གཟིགས་པར་ཕེབས་ནས་ནོར་གླིང་ལ་ཡབ་གཞིས་ཤིག་ཡོད་པ་དེར་བཞུགས་ཀྱི་ཡོད། དེར་བརྟེན་ཨ་མ་ལགས་ལ་དུས་ནས་དུས་སུ་ཐུག་ཐུབ་པ་དང་། ཞོ་སྟོན་ཕལ་ཆེར་དབྱར་ཁའི་གུང་སེང་ཆེ་ཤོས་ཤིག་རེད།དེ་རིང་འདིར་བོད་ཀྱི་གོམས་གཤིས་སམ་སྲོལ་རྒྱུན་ཞོ་སྟོན་ཚུགས་པ་རེད། ཞོ་སྟོན་ཟེར་དུས་ཕལ་ཆེར་ཞོ་འཐུང་རྒྱུ་ཡོད་པ་དང་། ཞོ་འབྲས་ཟ་རྒྱུ་ལྟ་བུ་ཞིག་མིན་ནམ། གང་ལྟར་ངོས་རང་ཞོ་སྟོན་གྱི་རིང་ཧ་ཅང་དགའ་སྣང་ཡོང་གི་ཡོད། འདི་བོད་ཀྱི་རིག་གཞུང་གི་ཆ་ཤས་ལྟ་བུ་ཞིག་རེད། ཞོ་སྟོན་ལ་རྒྱང་མཁར་བ་དང་། གཅུང་པ། ཤངས་པ། སྐྱོར་མོ་ལུང་པ་བཅས་ཁག་བཞི་ཡིས་གཞུང་མི་འདྲ་བ་འཁྲབ་ཀྱི་འདུག རྒྱང་མཁར་པས་རྒྱ་བཟའ་བལ་བཟའ་དང་། ནོར་བཟང་འཁྲབ་རྒྱུ་ཡོད། གཅུང་པས་གཅུང་དོན་ཡོད་དོན་གྲུབ་ཟེར་བ་དེ་འཁྲབ་ཀྱི་ཡོད། དེ་ཡང་གཅུང་དོན་ཡོད་དོན་གྲུབ་ཟེར་བ་དེ་སེམས་སྐྱོ་བོ་ཞིག་ཡོད། ཤངས་པས་བྲམ་ཟེ་ལྟ་བུ་
ང་ཚོ་བཙན་བྱོལ་བ་ཆགས་ནས་རང་མགོ་གང་ཐོན་གྱིས་ཕྱིན་མེད། ང་ཚོ་བཙན་བྱོལ་བ་ཡིན་ཀྱང་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་རྣམས་དམ་འཛིན་བྱས་ནས་བཟུང་ཡོད། ཟློས་གར་ལ་མཚོན་ན་བོད་ཀྱི་རིག་གཞུང་གི་ཆ་ཤས་ཆགས་ཡོད། རྒྱ་ནག་གི་སྲིད་བྱུས་སྤྱི་ཡོངས་ལ་འགྱུར་བ་འགྲོ་བཞིན་འདུག རིམ་བཞིན་འགྱུར་བ་ཏན་ཏན་ཡོང་གི་རེད། ང་ཚོས་རྒྱ་མིར་འཁྲུག་པ་བརྒྱབ་ནས་རྒྱ་མི་འཕུད་ཟེར་བ་དེ་ཡོང་ཐབས་མེད། དེར་བརྟེན་ངོས་ཀྱིས་དབུ་མའི་ལམ་ཟེར་བ་དེར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དེའི་ཁོངས་སུ་སྡོད་ཀྱི་ཡིན་ཟེར་གྱི་ཡོད། དེ་ལ་ཁེ་ཕན་ཡོད། ང་ཚོ་བོད་པ་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་ནས་རང་བཙན་ཞེས་བརྗོད་ན་ཆུང་ཆུང་རེད། ནུས་པ་ཆེན་པོ་མེད། དེ་ལས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དེའི་ཁོངས་སུ་བསྡད་ནས་ང་ཚོར་རང་སྐྱོང་མིང་དོན་མཚུངས་པ་ཞིག་དང་། བོད་ཀྱི་སྐད་ཡིག་གཙོ་བོར་གྱུར་བའི་རིག་གཞུང་ལ་བོད་པ་རང་གིས་བདག་པོ་ཆ་ཚང་རྒྱག་ཐུབ་པ་ཞིག་དགོས།དེང་སང་རྒྱ་ནག་འགྱུར་བ་འགྲོ་བཞིན་འདུག དངོས་ཡོད་གནས་ཚུལ་ལ་རྒྱ་ནག་ཏུ་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་འདུག ནང་ཆོས་ལ་དོ་སྣང་སླེབས་དུས་བོད་གངས་ཅན་ལྗོངས་སུ་དར་བའི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་བཤད་སྒྲུབ་ཟུང་འབྲེལ་གྱི་ཐོག་ནས་ཡོད་པ་བོད་ནང་བཞིན་སུ་གང་གིས་ཀྱང་བདག་པོ་རྒྱག་ཐུབ་མེད། དེར་བརྟེན་དེང་རྒྱ་རིགས་ནང་པ་ཚོས་བོད་ཀྱི་སངས་རྒྱས་པའི་ཆོས་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་དེ་ལ་དམིགས་བསལ་གྱིས་དོ་སྣང་བྱེད་བཞིན་ཡོད། ནཱ་ལེནྡྲའི་ཆོས་བརྒྱུད་དེ་ཚན་རིག་དང་མཐུན་པ་རེད་ཅེས་དད་པ་གཅིག་པུ་མིན་པར་རིགས་པས་ཡིན་མིན་དཔྱད་པ་བྱས་ཏེ་ཤེས་པར་བྱེད་དགོས། གང་ལྟར་ང་ཚོ་ཚང་མ་ཆགས་སྡང་གཉིས་ཀྱིས་ཕུང་བཞིན་ཡོད། ཆགས་སྡང་གི་རྩ་བ་བདེན་འཛིན་ལ་ཐུག་ཡོད། བདེན་འཛིན་ནི་ཇི་ལྟར་སྣང་བ་ནང་བཞིན་དོན་གྱི་ངོས་ནས་ཡོད་པ་ལ་ཡིད་ཆེས་བྱས་ཏེ་ཆགས་སྡང་སྐྱེ་བཞིན་ཡོད། དེང་སང་ཚད་རྡུལ་དངོས་ཁམས་རིག་པས་ཀྱང་དོན་གྱི་ངོས་ནས་ཡོད་པ་མ་རེད་ཅེས་དབུ་མ་པའི་ལྟ་ཚུལ་འདྲ་བོ་ཞིག་བརྗོད་ཀྱི་འདུག
བོད་ཀྱི་སངས་རྒྱས་པའི་ཆོས་འདི་དེ་སྔ་ང་ཚོ་བོད་གཅིག་པུ་རེད། དེང་སང་འཛམ་གླིང་སྤྱི་ལ་བོད་ཀྱི་ནང་ཆོས་ལ་དོ་སྣང་གསར་པ་སླེབས་པ་ཞིག་དང་། ལྟ་གྲུབ་བཤད་ཡོང་དུས་ཚན་རིག་པ་མང་པོ་ཞིག་གིས་སེམས་ཁམས་རིག་པའི་སྐོར་དོ་སྣང་བྱེད་ཀྱི་འདུག ཕྱོགས་གཅིག་ནས་བསམ་བློ་བཏང་ན་དེ་སྔ་ང་ཚོ་བོད་དུ་སོ་སོ་ཁེ་གཙང་གིས་བསྡད་ནས་ཕྱི་ལ་ཁྱབ་ཐུབ་ཀྱི་མེད། བཙན་བྱོལ་བ་ཆགས་ནས་མི་མང་པོར་འབྲེལ་བ་བྱེད་རྒྱུ་བྱུང་བས་བཙན་བྱོལ་གྱི་གནས་སྟངས་འདི་རྐྱེན་ངན་གྲོགས་སུ་གྱུར་ཏེ་བོད་ཀྱི་ཆོས་དང་རིག་གཞུང་འཛམ་གླིང་སྤྱི་ལ་ཁྱབ་ཐུབ་པ་ཆགས་ཡོད། ང་ཚོ་བཙན་བྱོལ་བོད་པ་ཉུང་ཤས་ཤིག་ཡོད་པ་འདི་དག་གིས་བོད་ཀྱི་རིག་གཞུང་མུ་མཐུད་འཛིན་པ་དང་། འཛམ་གླིང་གིས་དོ་སྣང་ཤུགས་ཆེ་རུ་འགྲོ་བཞིན་ཡོད། བོད་ཀྱི་རིག་གཞུང་ལ་བདག་པོ་རྒྱག་པའི་ཆ་རྐྱེན་ཆེད་དེང་སང་རོགས་པ་བྱེད་མཁན་དང་། དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་ཡོད། དེ་རིང་ཞོ་སྟོན་ཡིན་སྟབས་རྣམ་ཐར་ཁ་ཤས་ཡོད་ན་ཡག་པོ་མེད་དམ་བསམ་སོང་། རྣམ་ཐར་ཟེར་བ་འདི་ལས་སླ་པོ་མེད། རང་བཞིན་གྱིས་སྐད་དང་འབྲེལ་བ་ཡོད་པ་ཞིག་དང་། བཅོས་མ་རྐྱང་རྐྱང་ཡོང་ཐབས་མེད་པ་ཞིག་རེད། ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ལ་ཡི་གེ་ཟུར་དུ་དགོས་ཀྱི་འདུག་ཅེས་གསུངས་པ་དེ་ཧ་ཅང་རླབས་ཆེན་རེད། རྒྱ་ནག་གོང་མའི་སྲས་མོ་དང་འཁྲུང་ས་བསྐྱོན་ནས་རྒྱ་ནག་དང་ཧ་ཅང་ཉེ་བོ་ཡིན་ནའང་སོ་སོ་རང་གི་བོད་སྐད་དེ་ཧྲ་ཐག་ཐག་ཅིག་དང་། བོད་ཡིག་དགོས་པ་དེ་སྲོང་བཙན་སྒམ་པོས་ཐག་བཅད་འདུག ཧ་ཅང་གྱོང་པོ་རེད། སྲོང་བཙན་སྒམ་པོ་རྒྱ་བཟའ་དང་འཁྲུང་ས་བསྐྱོན་ནས་རྒྱ་མིའི་ཟ་མ་ཞིམ་པོ་དེ་དག་བཟས་ནའང་ང་བོད་པ་ཡིན་ཟེར་བའི་བོད་ཀྱི་ལྟ་གྲུབ་དེ་ཧ་ཅང་ཤུགས་ཆེན་པོ་བཟུང་འདུག དེ་ནས་དུས་རབས་བརྒྱད་པ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་ལ་ནཱ་ལེནྡྲ་ནས་མཁན་ཆེན་ཞི་བ་འཚོ་བོད་ལ་གདན་ཞུ་གནང་། མཁན་ཆེན་ཞི་བ་འཚོ་བོད་ལ་ཕེབས་ནས་ཁྱོད་ཚོར་བོད་ཡིག་ཟུར་དུ་ཡོད་སྟབས། ལེགས་སྦྱར་གྱི་སྐད་དང་པཱ་ལིའི་སྐད་བསླབ་དགོས་པ་མི་འདུག ཁྱེད་ཚོས་ལེགས་སྦྱར་དང་པཱ་ལིའི་སྐད་ནང་ཡོད་པ་དེ་དག་བོད་ཡིག་ནང་བསྒྱར་དགོས། པཱ་ལི་དང་ལེགས་སྦྱར་བསླབ་མི་དགོས། ཁྱེད་ཚོར་བོད་ཡིག་རང་གི་ཐོག་ནས་རང་མགོ་ཐོན་པའི་བོད་ཡིག་ཡོད་པས་ཚུར་བསྒྱུར་ཞེས་ལམ་སྟོན་གནང་བ་ལྟར། བཀའ་འགྱུར་དང་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཡོད་པ་དེ་དག་བསྒྱུར་འགོ་བཙུགས་འདུག སོ་སོས་རང་མགོ་རང་ཐོན་བྱེད་པར་བོད་པ་ཧ་ཅང་གྱོང་པོ་འདུག ང་ཚོ་བཙན་བྱོལ་བ་ཆགས་པའི་གནས་སྐབས་ནས་ཀྱང་བོད་པའི་ཆོས་དང་རིག་གཞུང་དེ་དག་མུ་མཐུད་ནས་བཟུང་བ་དང་། རྒྱ་གར་ལ་སླེབས་མ་ཐག་ངོས་ཀྱིས་ནེཧ་རུ་ལ་ང་ཚོ་བོད་པར་བོད་ཡིག་དང་བོད་སྐད་ཟུར་དུ་ཡོད་སྟབས། བོད་ཡིག་བསླབ་རྒྱུ་ཡོད་པའི་སློབ་གྲྭ་དགོས་ཀྱི་འདུག ཅེས་ཞུས་པར་ནེཧ་རུས་དེ་འགྲིག་གི་རེད་ཅེས་བོད་པའི་སློབ་གྲྭ་དེ་དག་བཙུགས་པ་རེད། ནེཧ་རུ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན།
ང་ཚོའི་གནས་སྟངས་དེ་བཙན་བྱོལ་བ་ཆགས་ཡོད་ཀྱང་སོ་སོའི་ཆོས་དང་རིག་གཞུང་བདག་པོ་བརྒྱབ་ནས་ཧྲ་ཐག་ཐག་བྱས་ནས་གནས་ཡོད། དུས་ཡུན་དེའི་རིང་ལ་སོ་སོས་བདག་པོ་བརྒྱབ་པ་ཙམ་དུ་མ་ཟད། འཛམ་གླིང་སྤྱིས་ཀྱང་དོ་སྣང་སླེབས་པ་དང་། དེང་སང་ཚན་རིག་པའི་ནང་ནས་ཀྱང་བོད་པའི་ཆོས་དང་ལྟ་གྲུབ། སེམས་ཁམས་རིག་པའི་སྐོར་ཤེས་འདོད་ཤུགས་ཆེན་པོ་བྱེད་མཁན་འདུག་པར་བརྟེན་མི་ཁ་ཤས་ཀྱིས་ངོས་ལ་ཏཱ་ལའི་བླ་མ་ཕྱེད་ཀ་ནང་པ་དང་། ཕྱེད་ཀ་ཚན་རིག་པ་རེད་ཅེས་བཤད་ཀྱི་འདུག ནང་ཆོས་ཞེས་པ་དེ་སྤྱི་ཡོངས་རེད། བོད་ཀྱི་ནང་ཆོས་དེ་ཚད་མ་རིག་པ་དང་འབྲེལ་ཏེ་ཧ་ཅང་ཟབ་པོ་ཡོད་པ་མ་ཟད། ཚན་རིག་པ་མང་པོ་ཞིག་གིས་སེམས་ཁམས་རིག་པའི་སྐོར་དེ་དག་ཧ་ཅང་ཡག་པོ་འདུག་ཅེས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ང་ཚོའི་ཆོས་དང་རིག་གཞུང་གི་སྤུས་ཁ་དེ་འདྲ་ཞིག་ཡོད་སྟབས། དེ་ལ་རྒྱ་མིས་བཙན་དབང་བཤད་ནས་གང་བྱུང་བྱས་ཆོག་གི་མ་རེད་ལ། སྡུག་ཅག་ཅིག་རེད་ཅེས་བརྗོད་ཐུབ་ཐབས་མེད། ད་ལྟ་རྒྱ་ནག་ནང་དུའང་འགྱུར་བ་འགྲོ་ཡི་འདུག ནང་ཆོས་ལ་དོ་སྣང་བྱེད་མཁན་དང་། ལྷག་པར་བོད་ཀྱི་ཆོས་ལ་དོ་སྣང་བྱེད་མཁན་མང་དུ་ཕྱིན་ཡོད། ངས་གོང་དུ་བརྗོད་པ་བཞིན་བོད་ཀྱི་ནང་ཆོས་དེ་ཚན་རིག་དང་མཐུན་པའི་ཆོས་ལུགས་ཤིག་རེད་ཅེས་བརྗོད་ཀྱི་འདུག ངོས་ལ་ཆ་བཞག་ན་རྒྱལ་བ་རིན་པོ་ཆེའི་མིང་ཞིག་འཁྱེར་ནས་བཙན་བྱོལ་བ་ཆགས་པ་དང་། བཙན་བྱོལ་ལ་འབྱོར་ནས་རྟེན་གཞི་གསར་པ་ཞིག་བཙུགས་པ་ཙམ་དུ་མ་ཟད། འཛམ་གླིང་སྤྱི་ལ་དོ་སྣང་གསར་པ་ཞིག་སླེབས་ཡོད། ང་ཚོ་བོད་པ་བཙན་བྱོལ་བ་ཡིན་ཞེས་ཞུམ་དགོས་དོན་ཁྱོན་ནས་མེད། ང་ཚོ་འཛམ་གླིང་འདིའི་སྟེང་རིག་གཞུང་ཐུན་མོང་མ་ཡིན་པ་ཞིག་འཛིན་མཁན་ཡིན་ཞེས་སྤོབས་པ་བྱེད་པ་དང་། སྤོབས་པ་བྱོས་ཟེར་བ་དེས་རྒྱག་རེས་རྒྱོབ་ཟེར་གྱི་མེད། སུ་གང་ལ་ཡིད་སྨོན་བྱེད་མི་དགོས་པར་སེམས་ནངསྤོབས་པ་སྐྱེ་འོས་པ་ཞིག་འདུག ཅེས་བཀའ་སློབ་སྩལ་རྗེས་ཞོ་སྟོན་ཐེངས་ཉེར་ལྔ་པར་བཅར་བའི་ལྷ་མོའི་ཚོགས་པ་བརྒྱད་ཀྱི་ཟློས་གར་བ་རྣམས་ཀྱིས་རིམ་བཞིན་རྣམ་ཐར་གཟིགས་འབུལ་ཞུས།
དེ་རྗེས་དབུ་མའི་ལམ་དང་འབྲེལ་ནས་བཀའ་སློབ་སྩལ་དོན། ང་ཚོས་འདིར་དབུ་མའི་ལམ་ཞེས་མཐའ་གཅིག་ཏུ་རྒྱ་མི་དང་དགྲ་ཟླ་དགྲ་གཤེད་ལྟར་རང་བཙན་གྱི་སྐད་ཆ་མེད་པར། གང་ལྟར་ཆེ་ས་ནས་བསམ་བློ་བཏང་ཡོང་དུས་བོད་གཅིག་པུ་མ་ཡིན་པར་རྒྱ་ནག་རང་དུའང་འགྱུར་བ་འགྲོ་རྒྱུ་ཞིག་རེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དེའི་ནང་དུ་བསྡད་ནས་བོད་རང་སྐྱོང་ཞེས་བོད་ཆོལ་ཁ་གསུམ་ཆ་ཚང་བར་རང་སྐྱོང་མིང་དོན་མཚུངས་པ་ཞིག་དང་། རང་སྐྱོང་ཟེར་བ་ནི་ཆབ་སྲིད་ཀྱི་འཛིན་སྐྱོང་གི་སྐད་ཆ་ཙམ་མ་ཡིན་པར་སོ་སོའི་ཆོས་དང་རིག་གཞུང་འཛམ་གླིང་འདིར་ངོམས་ཆོག་པ་ཞིག་ཡོད་པ་དེར་ང་ཚོས་བདག་པོ་ཡག་པོ་རྒྱག་ཐུབ་པ་ཞིག་ལ་ང་ཚོར་ཐོབ་ཐང་ཡོད་པ་རེད་ལ། རང་དབང་ཆ་ཚང་ཞིག་བྱུང་བ་ཡིན་ན་གོང་དུ་ཞུས་པ་ལྟར་རིམ་བཞིན་རྒྱ་ནག་ཏུ་ཆོས་དང་རིག་གཞུང་གིས་དབང་བསྒྱུར་ཐུབ་པ་ཞིག་ཡོང་བའི་བཟོ་ལྟ་ཞིག་སླེབས་ཡོང་གི་འདུག དེར་བརྟེན་རྒྱ་ནག་གི་གདུག་རྩུབ་ཆེ་བའི་སྲིད་བྱུས་དེས་ཁུངས་འཁྱོལ་གྱི་མ་རེད། དེར་འགྱུར་བ་འགྲོ་ངེས་རེད། ང་ཚོས་འདིར་རྒྱུ་མཚན་ལྡན་པ་དང་དོན་དམ་པའི་སེམས་ཀྱི་ཞི་བདེ་སྒྲུབ་པའི་རིག་གཞུང་གཏིང་ཟབ་ཅིག་ཡོད་པ་མུ་མཐུད་ནས་ཡར་རྒྱས་སུ་འགྲོ་བ་མ་གཏོགས་ཉམས་ཀྱི་མ་རེད། དེར་བརྟེན་ཚང་མས་སེམས་ལ་སྤོབས་པ་དང་སྐྱིད་པོ་བྱོས་ནས་སྡོད། བཀྲ་ཤིས་བདེ་ལེགས་ཞེས་བཀའ་སློབ་སྩལ་ཡོད་པ་བཅས། །