༄༅། །རྒྱ་ནག་དམར་ཤོག་གཞུང་གིས་བོད་ཀྱི་རིག་གཞུང་དང་སྐད་ཡིག་རྩ་བརླག་ཏུ་གཏོང་སླད་གཞིས་བཞུགས་ཕྲུ་གུ་རྣམས་ཀྱི་ཕ་མ་ཚོར་སོ་སོའི་ཕྲུ་གུ་རྣམས་ལ་རྒྱ་ཡིག་དང་རྒྱ་སྐད་སློབ་ཁྲིད་བྱེད་དགོས་པའི་བཙན་དབང་གིས་ལས་འགུལ་སྤེལ་བཞིན་ཡོད་མ་ཟད། བོད་ཀྱི་རོང་འབྲོག་ས་ཁུལ་གྱི་ཕ་མ་རྣམས་ལ་རྒྱ་ཡིག་གི་ཟབ་སྦྱོང་འཛིན་གྲྭར་ངེས་པར་མཉམ་ཞུགས་བྱེད་དགོས་པའི་བཙན་བཀའ་བཏང་འདུག རྒྱས་བཅད་རྒྱ་ཡིག་ཟབ་སྦྱོང་འཛིན་གྲྭའི་ལས་འགུལ་ནི་ན་ནིང་ལོའི་ཕྱི་ཟླ་བདུན་པའི་ནང་རྒྱ་ནག་དམར་ཤོག་གཞུང་གི་ཤེས་རིག་ལས་ཁུངས་ནས་གྲངས་ཉུང་མི་རིགས་འདུས་སྡོད་ས་ཁུལ་དང་གྲོང་གསེབ་ས་ཁུལ་ཁག་ཡོངས་ནས་སྔོན་འགྲོའི་སློབ་གྲྭ་ནས་བཟུང་རྒྱལ་ཡོངས་སྤྱི་སྐད་དེ་རྒྱ་ཡིག་བེད་སྤྱོད་བྱེད་དགོས་པའི་གསལ་བསྒྲགས་ཀྱི་བརྡ་ཐོ་བཏང་ཡོད།
དེ་ཡང་བོད་གནས་ལྟ་ཞིབ་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འདི་ལོའི་ཕྱི་ཟླ་ ༠༢ ནས་ ༠༣ བར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་འབྲིང་རིམ་སློབ་གྲྭ་ཞིག་གི་ནང་ཉུང་མཐར་ཕྲུ་གུའི་ཕ་མ་གྲངས་ ༡༦ དང་ས་གནས་རྒྱ་ནག་གཞུང་གི་ལས་བྱེད་རྣམས་ལ་རྒྱ་ཡིག་ཟབ་སྦྱོང་འཛིན་གྲྭ་ཚོགས་ཡོད་པ་དང་། ཕྱི་ཟླ་ ༣ ཚེས་ ༩ ཉིན་ས་གནས་སྲིད་གཞུང་གིས་ཚོགས་འདུ་ཚོགས་ཏེ་རྒྱ་ཡིག་སློབ་ཁྲིད་བྱེད་རྒྱུ་ཙམ་མིན་པར་རྒྱ་ཡིག་སློབ་ཁྲིད་ཀྱི་ལམ་ནས་མཉམ་ཞུགས་གནང་མཁན་ཡོངས་ཀྱི་བསམ་བློ་བསྒྱུར་བཅོས་གཏོང་དགོས་སྐོར་བརྗོད་པ་མ་ཟད། ཕ་མ་རྣམས་ཀྱིས་རྒྱ་ཡིག་ཡག་པོ་སྦྱངས་རྗེས་ཕྲུ་གུ་རྣམས་ལ་རྒྱ་ཡིག་སློབ་ཁྲིད་ཀྱི་རམ་འདེགས་དགོས་པ་དང་། རྒྱ་ཡིག་སྦྱོང་རྒྱུ་དེ་རྒྱ་ནག་གི་རྨི་ལམ་མངོན་འགྱུར་ཡོང་སླད་ཞབས་འདེགས་ཞུ་རྒྱུའི་ཆ་ཤས་ཡིན་སྐོར་བརྗོད་ཡོད་པ་རེད།དེ་བཞིན་བོད་རང་སྐྱོང་ལྗོངས་ཉི་མ་རྫོང་ས་གནས་སྲིད་གཞུང་གི་དཔོན་རིགས་ཚོའི་སྟངས་འཛིན་འོག་ཡོད་པའི་སྐད་འཕྲིན་གླེང་སྟེགས་སྟེང་གསར་འགྱུར་རྩོམ་ཡིག་སྤེལ་ཏེ་ས་གནས་སྲིད་གཞུང་གི་དཔོན་པོ་ཚོས་ས་གནས་ལས་བྱེད་པ་དང་། ས་གནས་དམར་ཤོག་ཚོགས་པའི་ཚོགས་མི། ས་གནས་བོད་རིགས་རྣམས་དང་ལྷན་དུ་རྒྱལ་ཡོངས་སྤྱི་སྐད་རྒྱ་ཡིག་ཟབ་སྦྱོང་འཛིན་གྲྭ་དང་རྒྱུགས་སྤྲོད་ཆེད་དུ་ཚོགས་འདུ་བསྐོངས་ཡོད་སྐོར་བསྒྲགས་ཡོད་པ་རེད།
གཞིས་བཞུགས་བོད་མི་རྣམས་ལ་བོད་ཀྱི་རིག་གཞུང་དང་སྐད་ཡིག་སྦྱོང་རྒྱུའི་གོ་སྐབས་ཉུང་དུ་འགྲོ་བཞིན་པའི་ཁར་རྒྱས་བཅད་རྒྱ་ཡིག་ཟབ་སྦྱོང་འཛིན་གྲྭ་འཚོགས་བཞིན་པ་དེས་སླར་ཡང་བོད་ནང་གི་བོད་མི་རྣམས་ལ་བོད་ཀྱི་རིག་གཞུང་དང་སྐད་ཡིག་སྦྱོང་རྒྱུའི་གོ་སྐབས་ཉུང་དུ་འགྲོ་རུ་འཇུག་གི་ཡོད། བོད་ནང་གི་བོད་མི་རྣམས་ལ་མཚོན་ན་ཐ་ན་རང་ཁྱིམ་དུའང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཉར་ཆོག་གི་མེད་ལ། རྒྱ་ནག་གཞུང་གི་བོད་མི་ལས་བྱེད་པ་རྣམས་ལ་བོད་བརྒྱུད་ནང་བསྟན་གྱི་ཆོས་ཉམས་ལེན་ཡང་བྱེད་དུ་འཇུག་གི་མེད་པ་རེད།།