༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༡༨ རེས་གཟའ་ཟླ་བ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་རྡ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་ནོར་བུ་གསོལ་མགྲོན་ཁང་དུ་ཉིན་གྲངས་གསུམ་རིང་གི་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་འགན་འཛིན་ལྷན་ཚོགས་སྐབས་ལྔ་པའི་འགན་འཛིན་ལྷན་ཚོགས་ཐེངས་དང་པོ་དབུ་འཛུགས་གནང་ཡོད།
དེ་ཡང་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དེ་བཞིན་བོད་མིའི་སྒྲིག་འཛུགས་
དེ་ནས་དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་བཤད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འཚམས་འདྲི་དང་འབྲེལ་གསུང་བཤད་གནང་དོན། ཁྲོམ་སའི་དཀའ་སེལ་སླད་ཁས་ལེན་བྱས་པ་ནང་བཞིན་ལས་བྱེད་གཉིས་ཀྱི་ས་དམིགས་བཏོན་ཡོད། ཁྲོམ་སའི་དཀའ་ངལ་དང་འབྲེལ་བའི་ཆབ་སྲིད་པ་དང་གཞུང་། ཚོང་པ། རྒྱ་གར་དབུས་གཞུང་གི་གྲོས་ཚོགས་འཐུས་མི། མངའ་སྡེ་གཞུང་གི་གྲོས་ཚོགས་འཐུས་མི། བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་དང་འབྲེལ་བ་བྱེད་དགོས་ཀྱི་ཡོད་སྟབས། ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁུངས་སུ་གཞག་པ་ཡིན་ན་ནུས་པ་ཆེ་བ་འཐོན་ངེས་རེད།གཞན་ཡང་གོད་ཆག་རིགས་བྱུང་བའི་སྐབས་གནས་ཚུལ་དེ་འདྲ་ཡོང་བཞིན་འདུག་པར་བརྟེན་སྒྲིག་གཞི་བཟོས་དགོས། སྤྱིར་མང་ཚོགས་མ་དངུལ་བསྡུ་རུབ་བྱེད་རྒྱུ་དེ་ཡག་པོ་རེད། དགའ་བསུ་དང་རྒྱབ་སྐྱོར་ཡོད། འོན་ཀྱང་འགྲོ་ལུགས་འགྲོ་སྟངས་ཤིག་བཟོ་དགོས་ཀྱི་འདུག ཁྲོམ་སར་གོད་ཆག་ཅིག་བྱུང་བ་ཡིན་ན་གྱོང་གུན་ག་ཆོད་བྱུང་ཡོད་མེད་ཤེས་དགོས་ཀྱི་ཡོད་སྟབས། འགྲོ་ལུགས་འགྲོ་སྟངས་ཇི་ལྟར་བཟོ་དགོས་ཀྱི་རེད་དམ་ཞེ་ན། གྱོང་གུན་བྱུང་བའི་ས་གནས་ཀྱི་འགོ་འཛིན་ལ་ངེས་པར་དུ་ལན་སྤྲད་དགོས། ས་གནས་འགོ་འཛིན་གྱིས་གྱོང་གུན་ཇི་ཙམ་བྱུང་བ་དེ་ཤེས་དགོས་པ་གལ་ཆེན་པོ་ཡིན་ཞེས་དང་།གཞན་ཡང་བོད་པའི་སྤྱི་ཚོགས་ནང་འབུམ་རམས་པའི་སློབ་སྦྱོང་གནང་མཁན་མང་པོ་ཡོད་ཀྱང་བོད་པའི་དཔལ་འབྱོར་གྱི་གནས་སྟངས་ཐོག་འབུམ་རམས་པའི་སློབ་སྦྱོང་གནང་མཁན་མེད་སྟབས་བཙན་བྱོལ་བོད་མིའི་དཔལ་འབྱོར་གྱི་གནས་བབ་སྐོར་འབུམ་རམས་པའི་སློབ་སྦྱོང་གནང་དགོས་པའི་གལ་གནད་དང་། གཞིས་ཆགས་ཁག་ཏུ་ཡུལ་སྐོར་སྤྲོ་འཆམ་བྱེད་ས་ཤུགས་ཆེ་རུ་གཏོང་དགོས་པ་སོགས་ཀྱི་སྐོར་གསུངས་ཡོད། མཐར་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་གཙོས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་བཅས།།