༄༅། །འདི་གར་སྦེང་ལོར་ལྷོ་སྤྱི་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༣༠ ནས་ཟླ་ ༤ ཚེས་ ༡༢ བར་རྒྱ་གར་རྒྱལ་ཡོངས་ནང་པའི་གྲངས་ཉུང་མི་རིགས་ཀྱི་ཚོགས་མི་རིན་ཆེན་ལྷ་མོ་ལགས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཡོད།
དེ་ཡང་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས ༣༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༣༠ ཐོག་རིན་ཆེན་ལྷ་མོ་ལགས་སྦེལ་གྷམ་ (Belguam Airport) གནམ་ཐང་དུ་ཕེབས་འབྱོར་སྐབས་ལྷོ་སྤྱི་དང་ས་གནས་འགོ་འཛིན་གྱིས་གཙོས་ཧི་མ་ལ་ཡའི་ནང་པའི་སློབ་ཕྲུག་བདེ་དོན་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་རྣམས་ཀྱིས་འཚམས་འདྲི་དང་སྣེ་ལེན་གཟབ་རྒྱས་ངང་མོན་གྷོ་བློ་གསལ་གླིང་ཚན་རིག་ཁང་དུ་ཕེབས་བསུ་ཞུས། ཕྱི་ཟླ་ ༣ ཚེས་ ༣༡ ནས་ཟླ་ ༤ ཚེས་ ༡ བར་ལྷོ་སྤྱི་དང་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས་རྣམ་གཉིས་རིན་ཆེན་ལྷ་མོ་ལགས་དང་ལྷན་མོན་གྷོ་འདོད་རྒུ་གླིང་དུ་རྟེན་གཞི་བྱས་པའི་དགོན་སྡེ་ཆེ་འབྲིང་ཆུང་ཚང་མར་གནས་གཟིགས་དང་། དགོན་སྡེ་ཁག་གི་དཀའ་ངལ་རྣམས་ཤེས་རྟོགས་སླད་དགོན་པའི་མཁན་རིན་པོ་ཆེ་དང་ཕྱག་མཛོད་རྣམ་པ་ཟུར་དུ་མཇལ་འཕྲད་གནང་། དེ་བཞིན་ས་གནས་ཀྱི་རྒྱ་གར་གྲངས་ཉུང་མི་རིགས་ཀྱི་འཐུས་མི་དང་ས་གནས་ཀྱི་རྫོང་དཔོན་གྱིས་གཙོས་ལས་སྣེ་བ་ཆེད་བསྐོངས་ཀྱིས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་འཕྲད་པའི་དཀའ་ངལ་རྣམས་གང་མགྱོགས་སེལ་ཐབས་ཀྱི་རེ་བསྐུལ་དང་སྦྲགས་ནས་སྙན་ཐོ་ཞིག་ཉིན་གྲངས་བཅོ་ལྔ་ནང་ཚུད་འབུལ་དགོས་པའི་བཀའ་གནང་།ཕྱི་ཟླ་ ༤ ཚེས་ ༢ ནས་ ༣ བར་ཧུན་སུར་རབ་རྒྱལ་གླིང་གི་རྒྱུད་སྨད་གྲྭ་ཚང་དང་རྫོང་དཀར་ཆོས་སྡེ་གྲྭ་ཚང་དུ་གནས་གཟིགས་གནང་། སྐབས་དེར་ཀོ་ལེ་གྷལ་དོན་ལྡན་གླིང་གི་ས་གནས་འགོ་འཛིན་དང་ས་གནས་ཀྱི་ལས་སྣེ་འགའ་ཤས་ཀྱིས་རིན་ཆེན་ལྷ་མོ་ལགས་ལ་འཚམས་འདྲི་དང་བདེ་སྡུག་སྙན་གསན་ཞུས། ཕྱི་ཟླ་ ༤ ཚེས་ ༤ ནས་ ༦ བར་སྦེལ་ཀོབ་ལུགས་བདེ་གཉིས་སུ་རྟེན་གཞི་བྱས་པའི་དགོན་སྡེ་ཆེ་འབྲིང་ཆུང་ཡོངས་ལ་གནས་གཟིགས་དང་དགོན་སྡེ་ཁག་གི་དཀའ་ངལ་རྣམས་ཤེས་རྟོགས་སླད་དགོན་པའི་མཁན་རིན་པོ་ཆེ་དང་ཕྱག་མཛོད་རྣམ་པ་ཟུར་དུ་མཇལ་འཕྲད་གནང་། ས་གནས་ཀྱི་རྫོང་དཔོན་དང་ལས་སྣེ་བ་སོགས་མཇལ་འཕྲད་དང་། ཕྱི་ཚེས་ ༦ ཉིན་ལུགས་ཟུང་བསམ་གྲུབ་གླིང་གི་ཚོགས་ཁང་དུ་ལུགས་བདེ་གཉིས་ཀྱི་ལས་སྣེ་མཉམ་འཛོམས་ཐོག་རིན་ཆེན་ལྷ་མོ་ལགས་ཀྱིས་གཞུང་འབྲེལ་འཚམས་ཀྱི་སྐོར་དང་བཙན་བྱོལ་བོད་མིའི་གཞིས་ཆགས་སུ་འཕྲད་པའི་དཀའ་ཚེགས་རྣམས་གང་ནུས་སེལ་ཐབས་ཀྱི་འབད་བརྩོན་དང་། མ་འོངས་པར་གཞིས་ཆགས་ཀྱི་བདེ་སྡུག་རྣམས་ཁོང་མོར་ཐད་ཀར་འབྲེལ་བ་ཡོང་སྐོར་བཅས་གསུངས།ཕྱི་ཟླ་ ༤ ཚེས་ ༩ ཉིན་མེ་སོར་ནས་སྦེང་ལོར་རུ་ཕེབས་ཞོར་ཏཱ་ལའི་བླ་མའི་མཐོ་སློབ་དང་སྨན་རྩིས་ཁང་མཐོ་སློབ་ཏུ་འཚམས་གཟིགས་གནང་། ཕྱི་ཚེས་ ༡༠ ཉིན་གྱི་ཕྱི་དྲོ་སྦེང་ལོར་བོད་ཁྱིམ་སྡོད་ཁང་གི་ཚོགས་ཁང་དུ་གཙོ་ཆེ་སློབ་ཕྲུག་རྣམས་ལ་རྒྱ་གར་གཞུང་ནས་གྲངས་ཉུང་མི་རིགས་ལ་གནང་བའི་མཐུན་རྐྱེན་ཁག་ངོ་སྤྲོད་དང་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་སུ་གནས་གཟིགས་སྐོར། ལྷག་པར་སློབ་ཕྲུག་རྣམས་ནས་སློབ་སྦྱོང་ལ་ངེས་པར་དུ་འབད་བརྩོན་བྱེད་དགོས་པའི་ལམ་སྟོན་ནན་པོ་གནང་། མཛད་སྒོའི་ཐོག་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ནས་ཀྱང་རིན་ཆེན་ལྷ་མོ་ལགས་ལ་ཟུར་དུ་འཚམས་འདྲི་ཞུས་ཡོད།ཕྱི་ཟླ་ ༤ ཚེས་ ༡༢ ཉིན་རིན་ཆེན་ལྷ་མོ་ལགས་དབུ་བཞུགས་ཐོག་ཀར་ནཱ་ཊ་ཀ་མངའ་སྡེ་གཞུང་གི་སྤྱི་ཁྱབ་དྲུང་ཆེ་པི་རཱ་ཝི་ཀུ་མཱར་ (Sh. P. Ravi Kumar) ལགས་དང་མངའ་གཞུང་གྲངས་ཉུང་མི་རིགས་ཀྱི་དྲུང་ཆེ་མ་ཎི་ཝནྣ་པི་ (Sh. Manivannan P.) ལགས། དེ་བཞིན་མངའ་གཞུང་གྲངས་མི་རིགས་ཀྱི་ལས་སྣེ་ལྷན་ལྷོ་ཕྱོགས་བོད་མིའི་གཞིགས་ཆགས་ཁག་ལྔའི་ནང་ཧི་མ་ལ་ཡའི་སློབ་ཕྲུག་དང་། བོད་མི་རྣམས་ལ་འཕྲད་བཞིན་པའི་དཀའ་ངལ་ཞུས་པ་ཆ་ཚང་ཡིག་ངག་གཉིས་ཀྱི་ཐོག་ནས་དྲུང་ཆེར་སྙན་གསན་དང་མ་འོངས་ཀྱི་ལས་འཆར་ཐོག་རྒྱབ་སྐྱོར་མཐུན་འགྱུར་གང་ཐུབ་གནང་སྐྱོང་ཡོང་བའི་འབོད་སྐུལ་ནན་པོ་ཞུས་པ་ལྟར། དྲུང་ཆེ་ནས་ཀྱང་ཞལ་བཞེས་གནང་སོང། དེ་སྐབས་ལྷོ་སྤྱི་ལས་ཁུངས་ཀྱི་སྐུ་ཚབ་ཀྱང་ཚོགས་འདུར་ཆེད་བཅར་ཞུས་ཡོད།
རིན་ཆེན་ལྷ་མོ་ལགས་ཀྱིས་ས་གནས་ཁག་གི་མང་ཚོགས་ནས་བདེ་སྡུག་ཞུས་པའི་གནས་ཚུལ་ཆ་ཚང་ལ་གང་གཟབ་གཟབ་གསན་གཟིགས་ཀྱིས་གང་ནུས་ཐབས་ཤེས་གནང་རྒྱུའི་ཞལ་བཞེས་ཟམ་མོ་གནང་ཡོད་པ་བཅས། །