༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༡༥ ཉིན་ཧ་རི་ཡཱ་ཎཱ་མངའ་སྡེའི་སྲིད་སྐྱོང་ཟུར་པ་ཀཔ་ཏན་སིངྒ་སོ་ལན་ཀི་ (Kaptan Singh Solanki) ལགས་ཀྱི་གཙོ་སྐྱོང་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། ཧ་རི་ཡཱ་ཎཱ། ཨུཏྟརཱ་ཁནྜ། རཱཇསྠན་མངའ་སྡེའི་རྒྱལ་ས་ཇཡ་པུར། མེ་རཊ། བྷེ་རཇ་བཅས་ས་ཁུལ་ཁག་གི་ནང་ཡོད་པའི་བྷ་རཏ་ཏི་བྦཏ་ས་མན་བྷྱ་སངྒ་ (Bharat Tibet Samanvay Sangh) ཞེས་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་དང་སྤྱི་ཁྱབ་དྲུང་ཆེ་རྣམ་པ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཧ་རི་ཡཱ་ཎཱ་མངའ་སྡེའི་གསོལ་མགྲོན་ཁང་དུ་ཚོགས་འདུ་ཚོགས་ཡོད་པ་དང་། ཚོགས་འདུའི་ཐོག་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་འབྲེལ་མཐུད་པ་ཧེ་མེནྡྲ་སིངྒ་ཊོ་མར་ (Hemendra Singh Tomar) ལགས་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་པྲ་ཡག་དངྷ་ཇུ་ཡལ་(Prayag Dutt Juyal) ལགས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་ཨར་་ཝིན་ཐི་ཀེ་ས་རི་ (Arivind Kesari) ལགས་དང་ཝི་ཇེ་མན་ (Vijay Mann) ལགས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སོགས་མཉམ་ཞུགས་གནང་ཡོད།དེ་ཡང་ཐོག་མར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་ལས་ཚབ་བསྟན་འཛིན་འབྱོར་ལྡན་ལགས་ཀྱིས་འཕགས་བོད་འབྲེལ་མཐུད་ལས་ཁང་གི་ལས་དོན་གནང་ཕྱོགས་སྐོར་ངོ་སྤྲོད་གནང་གྲུབ་མཚམས་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་ལས་ཚབ་བསྟན་འཛིན་འབྱོར་ལྡན་ལགས་དང་ལས་འཆར་འགན་འཛིན་ཆོས་ཉིད་ཚེ་རིང་ལགས་རྣམ་གཉིས་ལ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་དྲན་རྟེན་ཕྱག་རྟགས་གནང་ཡོད།
ཚོགས་འདུ་གྲོལ་རྗེས་ཚོགས་བཅར་བ་ཡོངས་ནས་ལྡི་ལི་ཇན་ཏར་མན་ཏར་ (Jantar Mantar) རུ་རྒྱ་ནག་དམར་ཤོག་གཞུང་གིས་ཁྲིམས་འགལ་ཐོག་བོད་དབང་བསྒྱུར་བྱས་པར་ཞི་བའི་ངོ་རྒོལ་གནང་ཡོད། ཚོགས་འདུའི་ཐོག་ཧ་རི་ཡཱ་ཎཱ་མངའ་སྡེའི་སྲིད་སྐྱོང་ཟུར་པ་ཀཔ་ཏན་སིངྒ་སོ་ལན་ཀི་(Kaptan Singh Solanki) ལགས་ཀྱིས་རྒྱ་གར་ཚུད་པའི་འཛམ་གླིང་ཡོངས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་དང་དཔལ་ཡོན་གཏོར་བཤིག་གཏོང་བཞིན་པར་ངོ་རྒོལ་གནང་གི་ཡོད་ཅེས་དང་། རྒྱ་ནག་གཞུང་གིས་བོད་ཀྱི་རང་བྱུང་ཐོན་ཁུངས་དང་ཆུ་བོའི་འབྱུང་ཁུངས་རྣམས་བཤུ་གཞོག་གཏོང་བཞིན་ཡོད་པ་སོགས་ཀྱི་སྐོར་གསུངས་ཡོད།རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་པྲ་ཡག་དངྷ་ཇུ་ཡལ་ (Prayag Dutt Juyal) ལགས་ཀྱིས་རྒྱ་ནག་གིས་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་བྱུས་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པ་མ་ཟད། བོད་མི་མང་ཚོགས་དམར་གསོད་དང་བོད་རིགས་བུད་མེད་རྣམས་རྒྱ་རིགས་དང་མཉམ་དུ་གཉེན་སྒྲིག་བྱེད་དུ་འཇུག་གི་ཡོད་པ་དང་། བོད་ཀྱི་རང་དབང་འཐབ་རྩོད་ནི་བོད་གཅིག་པུའི་ཁེ་ཕན་ཙམ་མིན་པར་རྒྱ་གར་གྱི་བདེ་འཇགས་ལའང་འབྲེལ་བ་ཡོད་སྟབས། རྒྱ་གར་སྲུང་སྐྱོབ་བྱེད་དགོས་ན་བོད་ལ་རང་དབང་འཐོབ་ཏུ་འཇུག་དགོས་ཞེས་གསུངས།
རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་འབྲེལ་མཐུད་པ་ཧེ་མེནྡྲ་སིངྒ་ཊོ་མར་ (Hemendra Singh Tomar) ལགས་ཀྱིས་རྒྱ་ནག་གིས་འཕགས་བོད་ས་མཚམས་འབྲོག་ལམ་ཁུལ་ལ་བཙན་འཛུལ་བྱས་པའི་སྐོར་དང་། སྐར་རྩིས་པ་རྣམ་པས་ནུས་པ་མཉམ་སྤུངས་བྱེད་པ་ཡིན་ན་བོད་ལ་རང་དབང་འཐོབ་ངེས་རེད་ཅེས་གསུངས་ཡོད་པ་ལུང་འདྲེན་གྱིས་གསུང་བཤད་གནང་ཡོད།།