༄༅། །མཚུངས་མེད་དབུས་ལས་ཁུངས་ཁག་གི་དྲུང་ཆེ་འགན་འཛིན་རྣམ་པ་དང་། སྐུ་ཚབ་དོན་གཅོད་རྣམ་པ། ས་གནས་འགོ་འཛིན་རྣམ་པ་ལྷན་རྒྱས་མཆོག་ལ།
ཆེད་ཞུ། བོད་རྒྱལ་ལོ་ ༢༡༤༩ རབ་གནས་ཆུ་སྟག་ཟླ་བ་དང་པོའི་ཚེས་བཅུའི་གཟབ་གསོལ་སྐབས་གཞུང་བསྟེན་ཆོས་སྐྱོང་རྣམ་པས་བཀའ་ལུང་ཕེབས་དོན་བཞིན་༸རྒྱལ་བའི་སྐུ་ཕྱྭ་དང་། བོད་ཀྱི་བསྟན་སྲིད་བདེ་ཐབས། སྤྱི་མཐུན་བསོད་ནམས་གསོག་བསྐྱེད། ལྷག་པར་དེང་གི་ཆར་འཛམ་གླིང་སྐྱེ་འགྲོ་ཀུན་ལ་སྤྱི་མཐུན་ལས་ཀྱི་རྣམ་པ་སྨིན་པས་ནད་ཡམས་འཁྲུག་རྩོད་བཟློག་ཐབས་བཅས་ལ་ཞབས་རིམ་ཁག་ཅིག་གནད་སྨིན་འབད་སྒྲུབ་ཞུ་དགོས་འདུག་ན། མི་མང་ཡོངས་ནས་མ་ཎི་ཡིག་དྲུག་དང་། སྒྲོལ་མ་ཉེར་གཅིག སྒྲོལ་མའི་གཟུངས་སྔགས། གསུང་བྱིན་བདེན་པའི་རྔ་སྒྲ དམ་ཚིག་རྡོ་རྗེའི་བཟླས་པ། དམ་ཚིག་རྡོ་རྗེའི་གཟུངས་སྔགས། ཨོ་རྒྱན་འབྱུང་བཞིའི་ལྷ་མོའི་གསོལ་འདེབས་བཅས་གནད་སྨིན་གསོག་འདོན་དགོས་ལུགས་ཕེབས་འདུག་པར། དེ་དོན་སོ་སོའི་ཁྱབ་ཁོངས་ཁག་ལ་སྒོ་ཁྲལ་ལྟ་བུར་མ་སོང་བའི་ཐོག་ནས་གསལ་བསྒྲགས་ནན་འདྲོངས་ཀྱིས་ཁྱབ་ཁོངས་སོ་སོའི་ཞབས་རིམ་གྲངས་ཐོ་བསྡུ་རུབ་གནང་སྟེ་ཕྱོགས་བསྡོམས་ཀྱིས་ཞབས་རིམ་སྒྲུབ་ཐོ་དེ་ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༡༥ ནང་ཚུད་འདི་ག་ཆོས་རིག་ལས་ཁུངས་སུ་འབུལ་གནང་ཡོང་བ་དེ་དོན་དགོངས་འཇགས་ཞུ། བོད་མིའི་སྒྲིག་འདུགས་ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༡༤ ལ།
ཕུལ།