༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༢༥ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་དུ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་མཆོག་དང་མཇལ་འཕྲད་གནང་ཡོད།
དེ་ཡང་མཇལ་འཕྲད་སྐབས་མཉམ་རུབ་ཐོག་ནས་རྒྱ་ནག་གཞུང་དང་ལྷན་གྲོས་མོལ་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཐབས་སྐོར་དང་། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སོགས་ཀྱི་སྐོར་བཀའ་བསྡུར་གནང་ཡོད།གཞན་ཡང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། ཨ་རིའི་རྒྱལ་ས་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ཐུན་མོང་གི་གོ་སྒྲིག་འོག་༸ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དགུང་གྲངས་ ༣༣ ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་དང་། འཁྲུངས་སྐར་སྲུང་བརྩིའི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། སྐུ་འབུམ་དགོན་པའི་མཁན་ཟུར་དང་ཡང་སྲིད་རྩད་གཅོད་ཚོགས་མི་ཨཀྱཱ་རིན་པོ་ཆེ་མཆོག གདན་ས་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་སྐུ་ཞབས་ར་ཤིཊ་ཧུ་སེན་ (Rashad Hussain) མཆོག ཨ་རིའི་གྲོས་ཚོགས་འཐུས་མི་ལྕམ་ཨི་ལེ་ཡ་ན་ལེ་ཊི་ནེན (Ileana Ros-Lehtinen) མཆོག ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚོགས་པའི་ཚོགས་གཙོ་གཞོན་པ་སྐུ་ཞབས་ནུ་རེ་ཊུར་ཀེལ་ (Nury Turkel) མཆོག ཨ་རིའི་རྒྱལ་སྤྱིའི་བུད་མེད་གནད་དོན་ཐོག་གི་སྐུ་ཚབ་ཟུར་པ་ལྕམ་ཀེ་ལི་ཀ་རི་ཡི་ (Kelley Currie) མཆོག མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་ལས་དོན་ཚན་པའི་དྲུང་ཆེ་ལས་རོགས་ལས་ཚབ་སྐུ་ཞབས་སི་ཁོ་ཊི་བྷ་ས་བྷེ་ (Scots Busby) མཆོག འགྲོ་བ་མིའི་ཐོབ་ཐང་བལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ལྕམ་སྐུ་སོ་ཧྥེ་རི་ཆར་ཌི་སན་ (Sophie Richardson) ལགས། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་བཅས་མཉམ་ཞུགས་གནང་ཡོད།
གཞན་ཡང་དེ་ཉིན་གྱི་སྔ་དྲོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་ཡོངས་བདེ་འཇགས་ལྷན་ཚོགས་ཀྱི་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་གནད་དོན་ཐོག་གི་འབྲེལ་མཐུད་པ་སྐུ་ཞབས་ཀུར་ཊ་ཁེམ་བྷེལ་ (Kurt Campbell) མཆོག་དང་མཇལ་འཕྲད་གནང་ཡོད་པ་བཅས། །