༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༠༤ ཚེས་ ༠༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཡོངས་ལ་བཀའ་ཤག་སྐབས་བཅུ་དྲུག་གི་དགོངས་གཞི་དང་ལས་དོན་གནང་ཕྱོགས་སྐོར་གསུང་བཤད་གནང་ཡོད།
དེ་ཡང་ཐོག་མར་བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས་བཀའ་ཤག་སྐབས་བཅུ་དྲུག་གི་དགོངས་གཞི་དང་ལས་དོན་གནང་ཕྱོགས་སྐོར་ངོ་སྤྲོད་མདོར་བསྡུས་གནང་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཡོངས་ལ་བཀའ་ཤག་སྐབས་བཅུ་དྲུག་གི་དགོངས་གཞི་དང་ལས་དོན་གནང་ཕྱོགས་སྐོར་གསུང་བཤད་གནང་དོན། བཀའ་ཤག་སྐབས་བཅུ་དྲུག་གིས་འགན་བླངས་པ་ནས་བཟུང་དང་ཐོག་སྲི་ཞུའི་ལས་བྱེད་རྣམ་པ་འདུ་འཛོམས་བྱེད་ཐུབ་ན་བསམ་པ་རེད། འོན་ཀྱང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཕྱིན་སྟབས་ལས་བྱེད་རྣམས་འདུ་འཛོམས་བྱས་མ་ཐུབ་པར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་རེ་རེར་བཅར་དགོས་བྱུང་ཡོད། ང་ཚོས་ག་དུས་ཡིན་ནའང་གདོང་ལེན་བྱེད་དགོས་པ་དེ་གོ་སྐབས་ལ་ཇི་ལྟར་བསྒྱུར་རྒྱུའི་སྐོར་བསམ་བློ་གཏོང་གི་ཡོད། སྐབས་དེ་དུས་སྲིད་སྐྱོང་གཅིག་པུ་མ་གཏོགས་མེད། སྲིད་སྐྱོང་ལྷན་ཁང་ཁག་གི་ནང་བཅར་ནས་ལས་བྱེད་རེ་རེའི་སྐོར་ངོ་སྤྲོད་དང་། ཕྱག་ལས་ག་རེ་གནང་གི་ཡོད་པ། སློབ་སྦྱོང་གི་རྒྱབ་ལྗོངས་གང་ཡིན་བཅས་ཀྱི་སྐོར་རྒྱུས་ལོན་བྱེད་རྒྱུའི་གོ་སྐབས་བྱུང་བ་མ་ཟད། ཧ་ཅང་ཕན་ཐོགས་པོ་ཡང་བྱུང་། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་རྣམས་ཀྱི་བླང་དོར་དང་། ཐོབ་ཐང་གི་སྒྲིག་གཞི་བསྐྱར་བཅོས་སླད་ང་ཚོ་ཚོགས་འདུ་ཐེངས་དགུ་ཙམ་ཚོགས་པ་རེད། དེ་རིང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དཔེ་ཟུར་དབང་འདུས་ཚེ་རིང་ལགས་འདིར་ཕེབས་ཡོད།སྲི་ཞུའི་ལས་བྱེད་པ་རྣམས་ཀྱི་བླང་དོར་དང་ཐོབ་ཐང་གི་སྒྲིག་གཞི་ནང་ནས་གསང་སྙན་མ་གཏོགས་དོན་ཚན་མང་པོ་ཞིག་ལ་ཕྱི་ལོ་ ༢༠༢༢ ཟླ་ ༠༤ ཚེས་ ༡ ཉིན་བསྐྱར་བཅོས་རིམ་པ་དང་པོ་བྱས་ཟིན་པ་རེད། ཕྱི་ལོ་ ༢༠༢༡ ཟླ་ ༠༥ ཚེས་ ༢༧ ཉིན་ངས་སྲིད་སྐྱོང་གི་དམ་བཅའ་ཕུལ་བ་རེད། སྲིད་སྐྱོང་ངོས་ནས་དམ་བཅའ་ཕུལ་ཟིན་པ་དང་ལམ་སང་ཏོག་དབྱིབས་གཉན་རིམས་སྔོན་འགོག་ཐོག་ཤུགས་སྣོན་བརྒྱབ་དགོས་བྱུང་ཡོད། ཏོག་དབྱིབས་གཉན་རིམས་སྔོན་འགོག་ཐད་གཙོ་བོ་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་གཙོས་པའི་ལས་བྱེད་རྣམ་པ་དང་། བདེ་ལེགས་སྨན་ཁང་། སྨན་རྩིས་ཁང་། ས་གནས་འགོ་འཛིན་རྣམ་པ། ས་གནས་ཏོག་དབྱིབས་གཉན་རིམས་སྔོན་འགོག་ཛ་དྲག་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམ་པ། ས་གནས་འཕྲོད་བསྟེན་སྨན་ཁང་། ནང་སྲིད་ལས་ཁུངས་སོགས་ནས་ཕྱག་ལས་ཧུར་ཐག་གནང་ཡོད། ང་ཚོའི་ལས་འགན་ཚང་མའི་ནང་ནས་གལ་ཆེ་ཤོས་ནི་བོད་དོན་བདེན་མཐའ་གསལ་རྒྱུ་དེ་རེད། བོད་དོན་བདེན་མཐའ་གསལ་བར་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་ཐོག་རྒྱ་ནག་གཞུང་དང་མཉམ་དུ་གྲོས་མོལ་བྱེད་དགོས་པ་རེད། དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་གནང་བའི་སྲིད་བྱུས་ཤིག་རེད་ལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ཡང་རེད།
མ་འོངས་པར་རྒྱ་ནག་གཞུང་གི་ཕྱོགས་ནས་བཟང་ཕྱོགས་ཀྱི་བརྡ་ལན་ཞིག་སྤྲད་པ་ཡིན་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་མཚན་ཐོག་རང་ནས་ཐག་གཅོད་བྱེད་དགོས། བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་མཚོན་པའི་བོད་དོན་བདེན་མཐའ་གསལ་བར་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་གཞིར་བཞག་ཐོག་ང་ཚོས་ལས་ཀ་བྱེད་རྒྱུ་ཡིན་ཞེས་པ་དེ་རེད། ང་ཚོ་ངོས་ནས་རྒྱ་ནག་གིས་ཡ་ལན་བྱེད་ཀྱི་ཡོད་མེད་མ་ལྟོས་པར་གོ་སྐབས་དམ་འཛིན་བྱེད་རྒྱུ་ཧ་ཅང་གལ་ཆེན་པོར་རྩི་ཡི་ཡོད། བོད་རྒྱའི་དཀའ་རྙོག་མ་སེལ་བར་དུ་བོད་ནང་གི་གནས་སྟངས་འགྱུར་བ་ག་རེ་འགྲོ་བཞིན་ཡོད་པ་རྣམས་ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་ངོ་སྤྲོད་གསལ་པོ་བྱེད་དགོས་པ་དེ་ང་ཚོའི་ལས་འགན་གལ་ཆེ་ཤོས་ནང་གི་གཅིག་ཆགས་ཡོད། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་བོད་ནང་གི་གནས་སྟངས་ངོ་སྤྲོད་བྱེད་པར་བོད་ནང་གི་གནས་སྟངས་སྐོར་ཞིབ་འཇུག་ཞིབ་ཚགས་བྱེད་དགོས།སྐད་འཕྲིན་ནི་བོད་ནང་འབྲེལ་བ་བྱེད་རྒྱུའི་བརྒྱུད་ལམ་གཙོ་བོ་ཆགས་ཡོད། ད་ལྟའི་ཆར་བོད་ནས་ཚུར་ཡོང་མཁན་ཉུང་དུ་ཕྱིན་ཡོད། རྒྱ་གར་དང་ཨ་རིས་སྐད་འཕྲིན་ (WeChat) བཀག་འགོག་བྱས་ཡོད་སྟབས་བོད་ནང་འབྲེལ་བྱེད་པར་འགོག་རྐྱེན་ཆགས་ཡོད། བོད་ནས་ཚུར་གནས་ཚུལ་བསྐུར་བ་ཡིན་ན། རྒྱ་ནག་གཞུང་གིས་གནས་ཚུལ་བསྐུར་མཁན་དེ་བཙོན་ཁང་ལ་འཇུག་རྒྱུའི་སྲིད་བྱུས་འཛིན་བཞིན་ཡོད། བོད་ནང་གི་གནས་ཚུལ་མཁོ་སྒྲུབ་བྱེད་རྒྱུའི་འགན་གཙོ་བོ་བདེ་སྲུང་ལས་ཁུངས་ནས་བཞེས་གནང་གི་ཡོད། གནས་ཚུལ་མཁོ་སྒྲུབ་བྱེད་སྐབས་རྒྱ་ནག་དང་རྒྱལ་སྤྱིའི་ཁྲིམས་དང་འགལ་འདུ་འགྲོ་ཡི་ཡོད་མེད་བལྟས་ཏེ་གནས་ཚུལ་བཏོན་པ་ཡིན་ན་གནས་ཚུལ་དེར་རིན་ཐང་ཡོད། གནས་ཚུལ་མཁོ་སྒྲུབ་བྱེད་སྐབས་ཁུངས་བཙན་པོ་ཡོད་མེད་ངེས་པར་བལྟ་དགོས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གནས་ཚུལ་གང་རག་པ་དེ་གཞི་ལ་བཞག་སྟེ་ཕྱོགས་ཡོངས་ནས་ཞིབ་འཇུག་བྱས་ཏེ་རྒྱལ་སྤྱིའི་ཉམས་ཞིབ་བསྟི་གནས་ཁང་ཁག་དང་འབྲེལ་བ་གནང་དགོས། ཕྱི་དྲིལ་ལས་ཁུངས་ནས་བོད་དོན་ཞུ་གཏུག་གི་སྐོར་ཤུགས་སྣོན་རྒྱག་དགོས།
ལྷག་པར་སྲི་ཞུའི་ལས་བྱེད་པ་ཡོངས་ནས་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབས་ལ་ལྟ་ཀློག་བྱེད་དགོས། བོད་དོན་ཞུ་གཏུག་བྱེད་སྐབས་དཔེར་ན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ཕྱི་འབྲེལ་ཚོགས་ཆུང་སོགས་ལ་འབྲེལ་བ་བྱེད་དགོས། ཕྱི་དྲིལ་ལས་ཁུངས་ནས་སྐུ་ཚབ་དོན་གཅོད་རྣམ་པ་དང་བོད་དོན་རྒྱབ་སྐྱོར་བ་སོགས་ལ་གནས་ཚུལ་དུས་ཐོག་སྤྲོད་ཐུབ་པ་བྱེད་དགོས། ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་ཡོད་པའི་བོད་མི་གཞོན་སྐྱེས་རྣམས་ཀྱིས་སོ་སོའི་གནས་ཡུལ་རྒྱལ་ཁབ་ཀྱི་སྐད་ཡིག་དང་གཞུང་གི་འགྲོ་སྟངས་སྐོར་ཡག་པོ་མཁྱེན་གྱི་ཡོད་སྟབས་དང་བླངས་ཐོག་ཞུ་གཏུག་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་ཆགས་ཡོད། བོད་པ་མི་རེ་ངོ་རེ་ནས་བོད་དོན་སླད་ཤུགས་སྣོན་རྒྱག་དགོས། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཚང་མས་ཁྲིམས་དང་སྒྲིག་གཞི་ཁག་ལ་སློབ་སྦྱོང་བྱེད་དགོས། ཞེས་དང་།
ཉེ་ལམ་རྒྱ་རིགས་ཉམས་ཞིབ་པ་ལིའུ་ཧན་ཁྲིན་ལགས་ཀྱིས་རྒྱའི་ཡིག་ཚགས་ལ་དཔྱད་ཞིབ་བྱས་པའི་བོད་ཀྱི་ལོ་རྒྱུས་དཔེ་དེབ་དང་། མའེ་ཁེལ་ཝན་ཝལཊ་ཝན་པ་རག་ལགས་ཀྱིས་རྒྱལ་སྤྱིའི་གནའ་དེང་ཁྲིམས་ལུགས་ཀྱི་ཐོག་ནས་བོད་ཀྱི་ལོ་རྒྱུས་དཔྱད་དེབ་སོགས་སུ་བོད་རང་བཙན་གྱི་གནས་བབས་གསལ་འདོན་གནང་ཡོད་སྟབས། རྒྱལ་སྤྱིའི་སྟེང་བོད་འདི་རྒྱ་ནག་གི་ཆ་ཤས་རེད་ཅེས་བརྗོད་མཁན་གྱི་རྒྱལ་ཁབ་ཚོར་ལོ་རྒྱུས་ཀྱི་དངོས་དོན་ལ་ངོས་འཛིན་གྱིས། དབུ་མའི་ལམ་གྱི་སྲིད་བྱུས་ལ་གདེང་འཇོག་ཡོང་བའི་འབོད་སྐུལ་བྱེད་དགོས། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད།།