༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༠༤ ཚེས་ ༢༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཕ་རཱན་སིའི་སྲིད་འཛིན་གྱི་འོས་བསྡུ་ཆེན་མོའི་ཁྲོད་ཕ་རཱན་སིའི་སྲིད་འཛིན་ལས་ཐོག་སྐུ་ཞབས་ཨེམ་མེ་ནུལ་མེ་ཁི་རོན་ (Emmanuel Macron) མཆོག་སླར་ཡང་སྲིད་འཛིན་དུ་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འཕྲིན་ཞིག་ཕུལ་བའི་ནང་འཁོད་དོན། ངས་བོད་མིའི་སྒྲིག་འཛུགས་དང་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་ཕ་རཱན་སིའི་སྲིད་འཛིན་གྱི་འོས་བསྡུ་ཆེན་མོའི་ཁྲོད་སླར་ཡང་ལོ་རྒྱུས་རང་བཞིན་ལྡན་པའི་འོས་བསྡུའི་རྒྱལ་ཁ་ཐོབ་པར་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། སྐུ་ཉིད་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ཐོབ་པ་དེས་ཕ་རཱན་སིའི་མི་མང་གིས་སྐུ་ཉིད་ཀྱི་དབུ་ཁྲིད་ཀྱི་གནས་བབ་ལ་ཡིད་ཆེས་བློ་གཏད་གནང་གི་ཡོད་པ་མཚོན་གྱི་ཡོད། དེང་སང་ཕ་རཱན་སིའི་ནང་བོད་མི་ཇེ་མང་དུ་འགྲོ་བཞིན་ཡོད་ལ། བོད་མི་ཚོས་ཕ་རཱན་སི་ནི་སོ་སོའི་ཁྱིམ་གཞིས་གཉིས་པ་ལྟ་བུ་རྩི་ཡི་ཡོད།
ཕ་རཱན་སིའི་དབུ་ཁྲིད་རིམ་བྱོན་དང་། སྲིད་དོན་མི་སྣ། གཞུང་དང་གཞུང་ཁོངས་མིན་པའི་ཚོགས་པ། དེ་བཞིན་མི་སྒེར་པ་སོགས་ནས་གཏོང་ཕོད་ཆེན་པོ་དང་གདུང་སེམས་མཉམ་སྐྱེའི་སྒོ་ནས་བོད་མི་དང་། བོད་མིའི་རང་དབང་དང་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་དང་གནང་བཞིན་ཡོད་པས། འབྲེལ་ཡོད་རྣམ་པ་ཚང་མར་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཞུ་རྒྱུ་ཡིན། ཕ་རཱན་སིའི་གཞུང་མང་གཉིས་ནས་མུ་མཐུད་འདི་ལྟ་བུའི་རྒྱབ་སྐྱོར་གནང་བཞིན་པ་དེས་དྲག་གནོན་འོག་ཡོད་པའི་གཞིས་ལུས་བོད་རིགས་སྤུན་ཟླ་རྣམས་ལ་སེམས་ཤུགས་འཕར་མ་སྐྱེད་དུ་འཇུག་གི་ཡོད།
སྐུ་ཉིད་སྲིད་འཛིན་ཡིན་པའི་ཆ་ནས་མང་གཙོ་དང་། རང་དབང་། འདྲ་མཉམ་བཅས་ལ་རྒྱབ་སྐྱོར་གནང་གི་ཡོད་ལ། སྐུ་ཉིད་ཀྱི་དབུ་ཁྲིད་འོག་ཕ་རཱན་སི་ཡིས་བསྐྱར་དུ་འགྲོ་བ་མིའི་ཐོབ་ཐང་དང་ཆེ་མཐོང་གི་ཕྱོགས་སུ་བཞེངས་ནས་སྐུ་ཉིད་ཀྱི་གཞུང་གི་སྲིད་བྱུས་དང་རྒྱལ་ཁབ་ཕན་ཚུན་གྱི་འབྲེལ་ལམ་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆེ་མཐོང་གཙོ་འདོན་གནང་རྒྱུ་ཡིན་པའི་རང་ཉིད་ལ་གདེང་ཚོད་བརྟན་པོ་ཡོད། སླར་ཡང་ངས་འཚམས་འདྲི་དང་འབྲེལ་སྐུ་ཉིད་ཀྱི་མ་འོངས་པའི་བྱེད་སྒོ་མཐའ་དག་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད།།