༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༢༦ ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་ཨ་རིའི་མང་གཙོ་གོང་སྤེལ་བསྟི་གནས་ཁང་ (National Endowment for Democracy) གིས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ལྷན་བཙན་བྱོལ་བོད་མིའི་མང་གཙོ་འཕེལ་རིམ་སྐོར་བཞུགས་མོལ་ཚོགས་འདུ་ཞིག་གོ་སྒྲིག་ཞུས་གནང་ཡོད།
དེ་ཡང་ཐོག་མར་ཨ་རིའི་མང་གཙོ་གོང་སྤེལ་བསྟི་གནས་ཁང་གི་འགན་འཛིན་སྐུ་ཞབས་ཌེ་མོན་ཝིལ་སན་ (Damon Wilson) ལགས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲོལ་གཏོད་མཛད་པའི་བཙན་བྱོལ་བོད་མིའི་མང་གཙོ་འཕེལ་རིམ་ལ་རྗེས་སུ་ཡི་རང་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཆིབས་སྒྱུར་བསྐྱངས་མ་ཐག་མགོན་པོ་གང་ཉིད་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོ་སྲོལ་གཏོད་དང་བསྒྱུར་བཅོས་མཛད་ཡོད་པ། ད་ཆ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མིག་དཔེ་ལྟ་སའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་གནང་གི་ཡོད། ཅེས་དང་།
ཨ་རིའི་མང་གཙོ་གོང་སྤེལ་བསྟི་གནས་ཁང་གི་ངོས་ནས་དེ་སྔ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུས་ཀྱིས་མང་གཙོའི་གཟེངས་རྟགས་ཕུལ་ཡོད་པ་མ་ཟད། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་བོད་མིའི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་གནང་ཡོད་ཅེས་གསུངས།གཞན་ཡང་ཁོང་གིས་བཙན་བྱོལ་བོད་མིའི་མང་གཙོ་སྒྲིག་འཛུགས་ནི་སྐྱབས་བཅོལ་བའི་མང་གཙོ་ལས་འགུལ་སྤེལ་མཁན་གཞན་རྣམས་ཀྱིས་ཀྱང་མིག་དཔེ་ལྟ་འོས་པ་ཞིག་རེད། ཅེས་གསུངས།
བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་ཨ་རིའི་མང་གཙོ་གོང་སྤེལ་བསྟི་གནས་ཁང་གིས་བཙན་བྱོལ་བོད་མིའི་མང་གཙོ་འཕེལ་རིམ་དང་། ལྷག་པར་བོད་མིའི་མང་གཙོ་ལས་འགུལ་ལ་རྒྱབ་སྐྱོར་གནང་དང་གནང་བཞིན་པར་རྗེས་སུ་ཡི་རང་དང་ཐུགས་རྗེ་ཆེ་ཞུས་གནང་ཡོད།
དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་འོག་བཙན་བྱོལ་བོད་མིའི་མང་གཙོ་གོང་འཕེལ་དུ་འགྲོ་བཞིན་པའི་སྐོར་དང་། རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་གཏོར་བཤིག་གི་ལས་འགུལ་སྤེལ་བཞིན་ཡོད་ནའང་། བཙན་བྱོལ་བོད་རྣམས་ཀྱིས་སོ་སོའི་ལྟ་བ་ལངས་ཕྱོགས་འཛིན་སྟངས་ཁྱད་པར་ཡོད་མེད་ལ་མ་ལྟོས་པར་རྡོག་རྩ་གཅིག་སྒྲིལ་ཐོག་བོད་དོན་འཐབ་རྩོད་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པའི་སྐོར་གསུངས་ཡོད།དེ་རྗེས་ཨ་རིའི་མང་གཙོ་གོང་སྤེལ་བསྟི་གནས་ཁང་གི་འགན་འཛིན་གཞོན་པ་སྐུ་ཞབས་བྷི་རི་ཨན་ཇོ་སེ་ཧྥི་ (Brian Joseph) ལགས་ཀྱིས་བོད་དོན་སྤྱིའི་སྐོར་དང་། དེ་བཞིན་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་འཛིན་བཟུང་བཙན་འཕྲོག་བྱས་རྗེས་ད་བར་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གང་དུ་ཡོད་མེད་དང་སྐུ་གཟུགས་བདེ་ཐང་ཡིན་མིན་གྱི་གནད་དོན། མང་གཙོ། འཛམ་གླིང་ཞི་བདེ་དང་བདེ་འཇགས་སོགས་ཀྱི་བརྗོད་གཞི་ཁག་གཅིག་གི་སྐོར་གསུང་བཤད་གནང་གྲུབ་མཚམས་དྲི་བ་དྲིས་ལན་གནང་ཡོད་པ་བཅས།།