༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༡༨ ཉིན་རྒྱབ་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་ནང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་བཅས་ནས་བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་རྣམ་ཐར་ “མི་ཚེ་གཅིག་ལ་སྐྱེ་བ་གསུམ།” ཞེས་པའི་ཕྱག་དེབ་དབུ་འབྱེད་གནང་སོང་།
དབུ་འབྱེད་མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུང་བཤད་ནང་དོན། དེ་རིང་དབུ་འབྱེད་མཛད་སྒོའི་ཐོག་ལ་ཕེབས་པའི་དཔལ་ལྡན་སྲིད་སྐྱོང་མཆོག་དང་། བོད་ཀྱི་དཔེ་མཛོད་ཀྱི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་གཙོས་པའི་བཀུར་འོས་སྤྱི་འཐུས་རྣམ་པ། ལས་ཁུངས་ཁག་གི་དྲུང་ཆེ་རྣམ་པ། གཞན་ཡང་རྩོམ་པ་པོ་དང་། གནད་ཡོད་མི་སྣ་བཅས་ཚང་མར་ཐོག་མར་ངོས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་དང་། ང་རང་སྒེར་ངོས་ནས་འཚམས་འདྲི་ཞུ་རྒྱུ་ཡིན། དེ་རིང་རིན་པོ་ཆེ་མཆོག་གི་རྣམ་ཐར་དབུ་འབྱེད་མཛད་སྒོའི་ཐོག་བཅར་རྒྱུ་བྱུང་བར་ཧ་ཅང་བསྐལ་བ་བཟང་པོ་བྱུང་། ང་རང་དུས་རྒྱུན་དུ་རིན་པོ་ཆེ་མཆོག་དང་ལྷན་དམིགས་བསལ་ཆོས་འབྲེལ་མེད་ཀྱང་། རིན་པོ་ཆེ་མཆོག་མཇལ་བཞིན་ཡོད་པ་དང་། ལྷག་པར་ཀིརྟི་བྱེས་པ་གྲྭ་ཚང་གི་ཕྱག་ལས་གནང་མཁན་ཁ་ཤས་མཇལ་ཡོང་དུས། ལམ་སེང་རིན་པོ་ཆེ་མཆོག་དྲན་ཡོང་གི་འདུག དེ་ཡིན་དུས་རིན་པོ་ཆེ་མཆོག་ལ་དམིགས་བསལ་གྱི་བློ་ཉེ་པོ་ཚོར་གྱི་ཡོད། གཙོ་བོ་རིན་པོ་ཆེ་མཆོག་གི་ཕྱག་ལས་གནང་ཕྱོགས་དང་། བསྟན་པ་དང་ཆབ་སྲིད་ཀྱི་ཐོག་ལ་འགན་བཞེས་ཕྱོགས་ཀྱི་ཐོག་ནས་རང་བཞིན་གྱི་བློ་ཉེ་པོ་ཡོང་རྒྱུ། དེ་འདྲ་ཞིག་མིན་ནམ་བསམ་ནས་ཐོག་མར་དེ་གཅིག་ཞུ་རྒྱུ་དང་། དེ་བཞིན་དེ་རིང་རིན་པོ་ཆེའི་རྣམ་ཐར་གྱི་རྩོམ་པ་པོ་འབྲེལ་བ་ཡོད་པ་རེ་མདོ་སེངྒེ་ལགས་ཀྱི་གསུངས་པ་གཞིར་བཟུང་གིས། ཐོག་མར་རིན་པོ་ཆེ་མཆོག་ལ་བཅར་འདྲི་གནང་རྒྱུ་དང་། དེ་ནས་ཨིན་ཇིའི་ཐོག་ལ་བོད་ཀྱི་དཔེ་མཛོད་ཁང་ནས་ཕྱག་དཔེ་པར་སྐྲུན་གནང་བ། དེ་རྗེས་ཕྱི་ལོ་ ༢༠༢༡ ལོར་ཐའེ་ཝན་ནང་རྒྱ་ཡིག་ཐོག་ལ་དབུ་འབྱེད་གནང་བ་དེ་བཞིན་དེ་དུས་བོད་མིའི་རང་དབང་དང་གསར་ལམ་ཁག་ནང་ཕྲན་བུ་མཇལ་སོང་། དེ་འདྲའི་ཐོག་ནས་རིན་པོ་ཆེ་མཆོག་གི་རྣམ་ཐར་དེ་འདྲ་རེད། དེ་རིང་དངོས་སུ་རིན་པོ་ཆེའི་རྣམ་ཐར་གང་ཡིན་པ་དེ་རིང་མ་གཏོགས་དམིགས་བསལ་མཇལ་རྒྱུ་བྱུང་ཡོད་མ་རེད། དེ་ཡིན་དུས་རིན་པོ་ཆེ་མཆོག་གི་རྣམ་ཐར་ཐོག་ལ་དམིགས་བསལ་གྱི་རྣམ་པ་ཚོར་བློ་བསྐྱེད་རག་རྒྱུ་དང་། རིན་པོ་ཆེ་མཆོག་གི་མཛད་རྗེས་ལ་དམིགས་བསལ་གྱིས་ཞབས་འདེགས་ཆགས་རྒྱུ་བཅས་ཀྱི་ཐོག་ཕྲན་ནས་ཞུ་ཐུབ་ཐབས་ཡོད་མ་རེད། རྣམ་པ་ཚོ་ཚང་མ་མཁྱེན་པའི་བདག་པོ་ཡིན་དུས། རིན་པོ་ཆེ་མཆོག་གི་མཛད་པ་འཕྲིན་ལས་དང་། དུས་རྒྱུན་དུ་རིན་པོ་ཆེ་མཆོག་གིས་བོད་བསྟན་སྲིད་ཀྱི་ཆེད་དུ་འགན་འཁུར་བཞེས་ཕྱོགས་ཀྱི་ཐོག་ལ་ང་ཚོ་ཚང་མས་དྲན་གསོ་ཞུ་དགོས་པ་གཅིག་དང་། ལྷག་པར་དུ་དེ་རིང་རྣམ་ཐར་འདིའི་ཐོག་ལ་འབྲེལ་ཡོད་ཚང་མའི་ངོས་ནས་ཕྱག་རོགས་མང་པོ་ཞིག་གནང་འདུག་པར་ལེགས་སོའི་བསྔགས་བརྗོད་ཞུ་རྒྱུ་ཡིན། རིན་པོ་ཆེ་མཆོག་གི་རྣམ་ཐར་འདིའི་ཐོག་ནས་བོད་ཀྱི་གནས་བབ་ཆ་ཚང་རྟོགས་ཐུབ་རྒྱུ་གཅིག་དང་། དེ་བཞིན་རིན་པོ་ཆེ་མཆོག་གི་སྐུ་སྒེར་གྱི་གསན་བསམ་དང་། ཆོས་ཕྱོགས་ཀྱི་མཛད་འཕྲིན་གནང་ཕྱོགས་ཚང་མ་འདིའི་ཐོག་ནས་རྟོགས་ཐུབ་པ་ཞིག་ཆགས་ཀྱི་འདུག བོད་ཀྱི་གནས་བབ་ལྟ་བུར་ཆ་མཚོན་པ་ཡིན་ན། གོང་དུ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་གསུངས་པ་གཞིར་བཟུང་རེད། བོད་ནང་རྒྱ་ནག་དམར་གཞུང་གིས་བཙན་འཛུལ་མ་བྱས་པའི་སྔོན་གྱི་བོད་ཀྱི་གནས་བབ་གང་འདྲ་ཡོད་མེད་དང་། ལྷག་པར་དུ་ལྷ་ས་ཕྱོགས་ཀྱི་གནས་བབ་གང་འདྲ་ཡོད་མེད། དེ་བཞིན་མདོ་སྨད་ཕྱོགས་ཀྱི་གནས་བབ་གང་འདྲ་ཡོད་མེད་རྣམས་གསལ་པོ་རྟོགས་ཐུབ་པ་ཞིག་དང་། དེ་རྗེས་ཕྱི་ལོ་ ༡༩༤༩ ནས་རྒྱ་ནག་དམར་གཞུང་གིས་བོད་ནང་བཙན་འཛུལ་བྱེད་འགོ་འཛུགས་ནས་བོད་ཀྱི་ཆོས་དང་། རིག་གཞུང་རྣམས་གཏོར་བཤིག་བཏང་དང་གཏོང་བཞིན་པ་དང་། ལྷག་པར་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མི་ཁྲི་བརྒྱད་ལྷག་ཙམ་བཙན་བྱོལ་དུ་ཕེབས་པའི་བརྒྱུད་རིམ་ཀྱི་གནས་སྟངས། བཙན་བྱོལ་ནང་ཕེབས་པ་ནས་བཟུང་སྟེ། ཆོས་ཕྱོགས་ཀྱི་ཐོག་ནས་ཞུས་པ་ཡིན་ན། བྷག་ས་ཆོས་སྒར་གྱི་གནས་སྟངས་དང་། ཌལ་ཧོར། དེ་བཞིན་དགོན་སྡེ་སོ་སོའི་ནས་ད་བར་འཛུགས་བསྐྲུན་གནང་བའི་གནས་སྟངས་དེ་ཚོ་གྲས་མཁྱེན་རྟོགས་ཐུབ་པ་ཞིག་རེད་འདུག དེ་ཡིན་དུས་ང་རང་ལ་རྒྱུན་དུ་ནས་བསམ་བློ་འཁོར་རྒྱུར། ང་ཚོའི་ནང་ཆོས་དེ་བོད་ལ་དུས་རབས་ ༧ པ་ནས་སྲོལ་གཏོད་པ་དང་། དུས་རབས་ ༨ ནས་ནང་ཆོས་དར་རྒྱས་བྱུང་བར་བསམ་བློ་གཏོང་གི་ཡོད་པ་ཡོངས་གྲགས་ཆགས་ཀྱི་ཡོད།དེ་ནས་ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་ནང་ཆོས་ཉམས་ཉེས་འདྲ་པོ་བྱུང་ཡོད་ཀྱང་། བོད་ནང་དགོན་སྡེ་ཁག་གི་རིས་སུ་མ་ཆད་པའི་ཆོས་བརྒྱུད་རྣམས་དར་རྒྱས་བྱུང་ཡོད་རེད། ཡིན་ནའང་དེའི་རྗེས་ཕྱི་ལོ་ ༡༩༥༩ ནས་ ༢༠༠༢༢ བར་ལོ་ངོ་ ༦༠ ལྷག་ཙམ་གྱི་ནང་གི་གནས་བབ་བལྟས་པ་ཡིན་ན། བཙན་བྱོལ་ནང་དགོན་སྡེ་ཁག་ཆོས་བརྒྱུད་རིས་སུ་མ་ཆད་པ་དར་རྒྱས་ཤུགས་ཆེན་པོ་བྱུང་ཡོད་རེད། དེ་ཡང་དགོན་པ་ལྷ་ཁང་། གཙུག་ལག་ཁང་ཙམ་མ་ཡིན་པར། ནང་གི་སློབ་སྦྱོང་གི་གནས་སྟངས་ཐོག་ནས་དེང་སང་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ནས་འགྲན་བསྡུར་བྱས་ན་བྱེད་འོས་པ་ཞིག་སྟེ། རྣམ་དཔྱོད་དང་། བློ་སྟོབས་ཀྱི་རིག་པ། ཤེས་ཡོན་གྱི་གོ་རྟོགས་དེ་ཚོ། དགེ་བཤེས་རེད། མཁན་པོ་རེད། དེ་ལས་གཞན་པའི་སློབ་སྦྱོང་གི་གཞུང་ཆེན་བཀའ་པོད་ལྔ་ཡི་ཐོག་ལ་འཆད་ཉན་བྱེད་ཐུབ་མཁན། དེ་ག་ནང་བཞིན་འཆད་རྩོད་རྩོམ་གསུམ་བྱེད་ཐུབ་མཁན། དེ་ཚོའི་གྲས་དུས་རབས་ཕྱེད་ཀའི་ནང་ལ་དངོས་སུ་བྱུང་བ་དེར་ཕྲན་ནས་རྫུ་འཁྲུལ་འདྲ་པོར་མཐོང་གི་འདུག མི་གཅིག་གི་མི་རབས་ཕྱེད་ཀ་ཙམ་རེད། དེའི་ནང་དེ་འདྲ་བ་བྱུང་བ་ང་ཚོས་དངོས་སུ་རྟོགས་ཐུབ་རྒྱུ་ཡོད་པ་དེ་ཧ་ལས་དགོས་པ་ཞིག་རེད།
གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་རེད། དེ་བཞིན་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་སོགས་ཁོང་རྣམ་པས་དེ་འདྲའི་དུས་ཚོད་གནས་བབ་ལ་དགོངས་བཞེས་གནང་ནས་ཕྱག་ལས་གནང་མཁན་ཞིག་ཡིན་དུས། ཁོང་རྣམ་པ་དངོས་གནས་བཀའ་དྲིན་ཆེན་པོ་ཡིན་པ་དང་། དུས་ནམ་དུའང་སེམས་ནང་བརྗེད་ཐབས་མེད་པ། དེ་འདྲའི་བཀའ་དྲིན་བསམ་ཤེས་བྱེད་ཐུབ་དགོས་པའི་གནས་སྟངས་ཤིག་ཆགས་བསྡད་འདུག དེ་ཡིན་དུས། རིན་པོ་ཆེ་མཆོག་ལ་དེ་རིང་གོ་སྐབས་འདིའི་བརྒྱུད་ནས་རིན་པོ་ཆེའི་མཛད་རྗེས་ཚང་མར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་། མ་འོངས་པར་བོད་བསྟན་སྲིད་ཐོག་དུས་ཇི་སྲིད་ཀྱི་བར་དུ་རིན་པོ་ཆེའི་མཛད་འཕྲིན་དེ་ཚོ་གནས་པ། ལྷག་པར་དུ་རིན་པོ་ཆེ་མཆོག་གི་ཆབ་སྲིད་ཀྱི་ཐོག་ནས་དགོངས་པ་བཞེས་ཕྱོགས། ཐོག་མར་རིན་པོ་ཆེས་ང་ཚོའི་སྒྲིག་འཛུགས་ཁག་མང་པོའི་ནང་ཕྱག་ལས་གནང་ཡོད་པ་དང་། དེ་རྗེས་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་ནང་ལའང་ཐུགས་འགན་བཞེས་མྱོང་ཡོད་རེད། དེ་རྗེས་ཆོས་དོན་བཀའ་བློན་གནང་ཡོད་རེད། ད་ལྟ་ཡིན་ནའང་བོད་ཆོལ་གསུམ་ཆིག་བསྒྲིལ་གྱི་ཐོག་ལ་བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་དགོངས་པ་བཞེས་ཕྱོགས་དེ་བླ་ན་མེད་པ་ཞིག་མཇལ་གྱི་འདུག ང་ཚོས་དེ་ཚོའི་ཐོག་ལ་དུས་རྒྱུན་དུ་མིག་དཔེ་བལྟས་ནས་གོམ་པ་མདུན་བསྐྱོད་བྱེད་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག
མཐའ་དོན་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་། ཐུགས་ཀྱི་དགོངས་བཞེད་ལྷུན་གྱི་འགྲུབ་ཐུབ་པ། མ་འོངས་པར་བོད་ཆོལ་ཁ་གསུམ་སྤྱི་ཡོངས་དང་། ལྷག་པར་དུ་མདོ་སྨད་ཕྱོགས་དང་། གཞིས་ལ་ཡོད་པའི་ཀིརྟི་དགོན་པའི་བསྟན་འགྲོ་ཐམས་ཅད་ལ་མཛད་པ་འཕྲིན་ལས་ཁྱབ་སྤེལ་ཐུབ་པ་དང་། སྐུ་དངོས་སུ་ཞབས་ཅག་གནང་ཐུབ་རྒྱུའི་ཐུགས་སྨོན་དང་སྨོན་མདུན་ཞུ་རྒྱུ་ཡིན་པ་བཅས་གསུངས་གནང་ཡོད།།