༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། དཔལ་འབྱོར་ལས་ཁུངས་གྲངས་ཐོ་ཚན་པ་ནས་ཨ་རི་སྐུ་ཚབ་དོན་གཅོད་ཁྱབ་ཁོངས་བོད་རིགས་སྤྱི་མཐུན་ཚོགས་པ་ཀག་ ༣༡ ནས་ཚོགས་མི་གྲངས་ ༣༦ དང་། དེ་བཞིན་སྐུ་ཚབ་དོན་ཁང་གི་ལས་བྱེད་གསུམ་བཅས་ཁྱོན་བསྡོམས་མི་གྲངས་སུམ་ཅུ་སོ་དགུ་མཉམ་ཞུགས་གནང་ཡོད་པ་རྣམས་ལ་དཔྱ་དངུལ་ལག་དེབ་བཟོ་ཕྱོགས་དང་འབྲེལ་བའི་དྲ་ཐོག་བརྒྱུད་ཟབ་སྦྱོང་ཕུལ་ཡོད།
དེ་ཡང་ཕྱི་ལོ་ ༢༠༢༢ ཟླ་ ༠༤ ཚེས་ ༠༩ ཉིན་གྱི་ཞོགས་པ་ཆུ་ཚོད་ ༠༧།༣༠ ནས་ ༡༡ བར་དཔལ་ལྡན་བཀའ་ཤག་སྐབས་ ༡༦ པས་བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་ལག་དེབ་གསར་བཟོ་དང་། བཟོ་བཅོས་སམ་ནོར་བཅོས། མིང་བསྒྱུར། བོར་བརླག ལག་དེབ་འཕར་མ་བཅས་བཟོ་བཅོས་ཞུ་ཕྱོགས་ཀྱི་རྩ་འཛིན་ལམ་སྟོན་བསྐྱར་བཅོས་གཏན་འབེབས་དང་། འགེངས་ཤོག་ཁག་རེ་རེ་བཞིན་འགེངས་ཕྱོགས་སྐོར་དྲ་ཐོག་བརྒྱུད་ཟབ་འཁྲིད་ཕུལ་ཡོད་པ་དང་། དེ་རྗེས་དོགས་གསལ་ཆེད་དྲི་བ་དྲིས་ལན་གནང་བར་ཚང་མས་དོ་སྣང་ཆེན་པོའི་ངང་ཆ་ཤས་བླངས་ཏེ་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་བཅས། །