༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡༦ ཉིན་རྒྱབ་ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། ཨིན་ཡུལ་བོད་ཚོགས་པ་ (Tibet Society) གཉིས་ཀྱི་གོ་སྒྲིག་འོག་ཨིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་ཝེ་སི་མིན་སི་ཊར་ཨེ་བྷེ་ཡི་ཤུའི་ལྷ་ཁང་ (Westminster Abbey) དུ་དམག་གི་དྲག་གནོན་འོག་འདས་གྲོངས་སུ་གྱུར་བ་རྣམས་ལ་ལོ་འཁོར་མེ་ཏོག་ཕྲེང་བ་འབུལ་བའི་མཛད་སྒོ་ཚོགས་ཏེ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་ཐེངས་ ༦༣ སྲུང་བརྩི་ཞུས་ཡོད།
དེ་ཡང་ཐོག་མར་རིན་པོ་ཆེ་ (H.E Minyak Rinpoche) མཆོག་གིས་སྣེ་ཁྲིད་དེ་བོད་དོན་ཆེད་རང་སྲོག་བློས་བཏང་གནང་མཁན་ཡོངས་ཀྱིས་གཙོས་འཛམ་གླིང་ཞི་བདེ་དང་སེམས་ཅན་ཐམས་ཅད་བཅས་ཀྱི་སླད་སྨོན་ལམ་གསུང་འདོན་གནང་གྲུབ་རྗེས་ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཊིམ་ལུབ་ཊོན་ (Tim Loughton) མཆོག་གིས་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་ཁོང་གིས་ཕྱི་ལོ་ ༡༩༥༠ ལོར་རྒྱ་ནག་དམར་ཤོག་གཞུང་གིས་བོད་ས་ཡོངས་རྫོགས་དབང་བསྒྱུར་བྱས་པ་ནས་བཟུང་ད་བར་བོད་ནང་བོད་མི་འདས་གྲོངས་སུ་གྱུར་བ་རྣམས་དྲན་གསོ་དང་། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་ཐེངས་ ༦༣ སྲུང་བརྩི་ཞུ་རྒྱུ་དང་། ང་ཚོའི་ངོས་ནས་མུ་མཐུད་བོད་མིའི་ཞི་བའི་འཐབ་རྩོད་དང་བོད་མི་ཡོངས་ལ་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན་པ་མ་ཟད། ཡུ་ཀེ་རེན་དང་། ཤར་ཏུར་ཀི་སི་ཐན། ཧོང་ཀོང་བཅས་ཀྱི་མི་མང་རྣམས་ལའང་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན། ཞེས་གསུངས།དེ་རྗེས་ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཊིམ་ལུབ་ཊོན་མཆོག་གིས་དབུས་ཨིན་ཡུལ་ངལ་རྩོལ་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཀེ་རི་མེ་ཁར་ཐི་ (Kerry McCarthy) ལགས་དང་། ཨིན་ཡུལ་ངལ་རྩོལ་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ན་ཝན་ཌུ་མི་ཤིས་ར་ (Navendu Mishra) ལགས། ཨིན་ཡུལ་གྲོས་ཚོགས་འཐུས་མི་ཝི་རེན་དྲཱ་ཤར་མཱ་ (Virendra Sharma) ལགས། ཨིན་ཡུལ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཌེ་ཝི་ཌི་ཨེལ་ཊོན་ (Lord David Alton) ལགས། རིན་པོ་ཆེ་ (H.E Minyak Rinpoche) མཆོག་བཅས་ནས་རྒྱ་ནག་གིས་ཕྱི་ལོ་ ༡༩༥༠ ལོ་ཙམ་ནས་བོད་དབང་བསྒྱུར་བྱས་པའི་ཉེར་ལེན་ལ་བརྟེན་ནས་ད་བར་བོད་མི་འདས་གྲོངས་སུ་གྱུར་བ་རྣམས་དྲན་གསོ་དང་། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་ཐེངས་ ༦༣ སྲུང་བརྩི་ཞུས་ཡོད།
མཛད་སྒོར་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་དང་། བོད་རང་དབང་ཚོགས་པའི་སྐུ་ཚབ། ཨིན་ཡུལ་བོད་རིགས་ཚོགས་པའི་སྐུ་ཚབ་བཅས་མཉམ་ཞུགས་གནང་ཡོད་པ་བཅས།།