༄༅། །ཨ་རིའི་རོགས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམས་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༤ ཉིན་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་ལ་གཟིགས་སྐོར་དུ་ཕེབས་ཡོད་པ་དང་། སྐབས་དེར་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས་ཨ་རིའི་རོགས་ཚོགས་ཀྱི་ངེས་སྟོན་པ་སྐུ་ཞབས་མརྐ་ཊེ་ཇེན་ཕེལཊ་ (Mark Tegenfeldt) ལགས་དང་། ངེས་སྟོན་པ་གཞོན་པ་འབུམ་རམས་པ་པུ་ནམ་སི་མིཊ་ (Poonam Smith-sreen) ལགས། གཞན་ཡང་ཕྱག་རོགས་ལྕམ་བཱ་ལ་ཀ་ཊི་ (Balaka Dey) ལགས། ཕྱག་རོགས་ལྕམ་ར་དཱ་ནི་ཋ་ཀུ་རི་ (Radharani Thakuria) ལགས་བཅས་ལ་བོད་ཀྱི་འགྲེམས་སྟོན་ཁང་གི་སྐོར་ངོ་སྤྲོད་གནང་བར་ཨ་རིའི་རོགས་ཚོགས་ཀྱི་ངེས་སྟོན་པ་སྐུ་ཞབས་མརྐ་ཊེ་ཇེན་ཕེལཊ་ལགས་ཀྱིས་ཁོང་རང་ཉིད་དགའ་མོས་བྱུང་བ་མ་ཟད། བོད་མི་རྣམས་ཀྱིས་དཀའ་སྡུག་གི་ཁྲོད་ནས་སྙིང་རུས་བསྐྱེད་དེ་བོད་དོན་ཆེད་དུ་འཐབ་རྩོད་གནང་དང་གནང་བཞིན་པར་རྗེས་སུ་ཡི་རང་གནང་ཡོད། ཨ་རིའི་རོགས་ཚོགས་ཀྱི་ངེས་སྟོན་པ་གཞོན་པ་འབུམ་རམས་པ་པུ་ནམ་སི་མིཊ་ལགས་ཀྱིས་བོད་མི་ཚོས་འབད་བརྩོན་ལྷོད་མེད་གནང་སྟེ་བོད་ཀྱི་ཆོས་དང་རིག་གཞུང་སོགས་མི་ཉམས་རྒྱུན་འཛིན་གནང་བཞིན་པར་བསྔགས་བརྗོད་གནང་ཡོད།
བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས་ཨ་རིའི་རོགས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་བོད་ཀྱི་འགྲེམས་སྟོན་ཁང་དུ་ཕེབས་པར་དགའ་བསུ་ཞུས་པ་དང་འབྲེལ་ཨ་རིའི་རོགས་ཚོགས་ཀྱི་ངོས་ནས་བོད་དོན་སླད་རོགས་དངུལ་གྱིས་རྒྱབ་སྐྱོར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་ཡོད་པ་བཅས།།