༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ལགས་དང་། སྤྱི་འཐུས་བསྟན་འཛིན་ཆོས་འཛིན་ལགས་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༡༧ ནས་ ༢༠ བར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་གཞིས་ཆགས་ཁུལ་ལ་འཚམས་གཟིགས་དང་། ས་གནས་རྒྱ་གར་དཔོན་རིགས་ཁག་མཇལ་འཕྲད་ཀྱིས་མོན་གྷོ་ཁུལ་གྱི་ལས་རིམ་ཁག་གྲུབ་མཚམས། ཕྱི་ཚེས་ ༢༡ དང་། ༢༢ བཅས་ཉིན་གཉིས་རིང་གྷོ་ཝ་ཁུལ་ལ་ས་གནས་བོད་རིགས་ཁག་ཅིག་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་བཅས་མཇལ་འཕྲད་གནང་སྟེ། ཐེངས་འདིའི་གཞུང་འབྲེལ་འཚམས་གཟིགས་ཀྱི་ལས་རིམ་ཁག་ལེགས་གྲུབ་བྱུང་ཡོད།དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ནས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཁུལ་གྱི་ལས་རིམ་ཁག་གྲུབ་རྗེས། ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོ་དགོན་སྡེ་ཁག་གི་ཕྱག་མཛོད་དང་། དེ་བཞིན་ས་འཐུས་དང་། མཉམ་སྦྲེལ་ཚོགས་གཙོ། ས་གནས་རང་བདེན་ཚོགས་གཙོ། ས་གནས་འཕྲོད་བསྟེན་སྨན་ཁང་འགན་འཛིན། སློབ་སྤྱི་དང་དགེ་ཆེ། གཞོན་ནུ་དང་བུད་མེད་ལྷན་ཚོགས། དམག་ཟུར་། ས་གནས་ལས་དྲུང་། ས་གནས་ཆུ་སྒང་བཅས་ཀྱིས་ཕེབས་སྐྱེལ་ཞུས་རྗེས། སྤྱི་འཐུས་རྣམ་པ་གཉིས་གྷོ་ཝ་ཕྱོགས་སུ་ཕེབས་ཐོན་གནང་ཞིང་། ལམ་བར་དུ་ཀར་ན་ཊ་ཀའི་ཨུ་ཊ་ར་ཀ་ན་ཌ་རྫོང་གི་ས་གནས་ཉེན་རྟོག་དམག་མིའི་སྤྱི་ཁྱབ་དཔོན་ལྕམ་སྐུ་སུ་མན་ ཌི་ པེན་ནི་ཀར་ (Superintendent of Police Dr. Suman D. Pennekar, IPS) མཆོག་དང་རྫོང་དཔོན་སྐུ་ཞབས་མུ་ལེཡེ་ མུཧི་ལན་ (Shri. Mullai Muhilan M P, I.A.S of Uttara Kannada District, Karnataka) མཆོག་རྣམ་གཉིས་དང་སོ་སོར་མཇལ་འཕྲད་གནང་ཡོད།དེ་ཉིན་ཕྱི་དྲོ་ས་གནས་སུ་ཕེབས་འབྱོར་མཚམས། གྷོ་ཝ་བོད་མིའི་སྐྱིད་སྡུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ལེགས་གྲུབ་ལགས་དང་རྒྱུན་ལས། འབྲེལ་མཐུད་པ་ཨ་ཅག་སྐལ་བཟང་ལགས་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་པ་དང་། དེ་ནས་བོད་མིའི་ཁྲོམ་རྭ་གསར་རྙིང་ཁག་ལ་གཟིགས་སྐོར་གནང་བ་མ་ཟད། ས་གནས་བོད་མིའི་ཁྲོམ་རའི་ས་བདག་མཆོག་དང་མཇལ་འཕྲད་ཀྱིས་དེ་གའི་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་གནང་བར་བསྔགས་བརྗོད་དང་། འབྱུང་འགྱུར་མུ་མཐུད་རོགས་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་འདུག
ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་གྷོ་ཝ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ལལ་ཇི་ པ་གྷུ་ཡེ་ (Shri.Lalji paggui, the Member of Goa Tibetan Support Group) མཆོག་དང་ལྷན་མཇལ་འཕྲད་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཡོངས་ཀྱི་དཀའ་ངལ་ཐོག་གཟིགས་རྟོག་གནང་བ་དང་། དེ་བཞིན་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་དང་། བོད་མི་རྣམས་ལ་མུ་མཐུད་མཐུན་འགྱུར་རོགས་རམ་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་གནང་བ་དང་།དེ་ནས་ས་གནས་བོད་མིའི་ཁྲོམ་ར་རྙིང་པའི་མདུན་ཐང་དུ་བོད་མི་ ༣༠ ལྷག་ཙམ་འདུ་འཛོམས་ཐོག་སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་ལགས་ཀྱིས་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྐོར་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར། སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་དང་པོའི་ལས་རིམ་སྐོར་གསུང་བཤད་དང་། སྤྱི་འཐུས་བསྟན་འཛིན་ཆོས་འཛིན་ལགས་ཀྱིས་བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་གནས་བབ་སྐོར་བཅས་ཀྱི་ཐོག་གསུང་བཤད་དང་། མི་མང་ནས་དོགས་འདྲི་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་མཐིལ་ཕྱིན་གནང་རྗེས། ས་གནས་བོད་མི་ཚང་མས་ལེགས་གསོལ་སྔགས་བརྗོད་གནང་སྟེ། གྷོ་ཝ་ཁུལ་གྱི་ལས་རིམ་ཁག་ལེགས་གྲུབ་བྱུང་ཞིང་། ཕྱི་ཚེས་ ༢༣ ཉིན་གྷོ་ཝ་ནས་རྒྱལ་ས་ལྡི་ལིར་ཕྱིར་ཕེབས་གནང་ཡོད། སྤྱི་འཐུས་རྣམ་པ་གཉིས་ནས་གྷོ་ཝ་ཁུལ་འཚམས་གཟིགས་གནང་སྐབས། མོན་གྷོ་ས་གནས་འགོ་འཛིན་ཡང་མཉམ་བཅར་ཞུས་ཡོད། ཕྱི་ཚེས་ ༢༤ ཉིན་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་སྤྱི་འཐུས་རྣམ་པ་གཉིས་དེ་གའི་ལས་ཁུངས་སུ་གདན་ཞུས་ཀྱིས་སྤྱི་འཐུས་རྣམ་པ་གཉིས་ལ་ཆེ་བསྟོད་ཕྱག་རྟགས་ཕུལ་གནང་ཡོད་པ་དང་། ཕྱི་ཚེས་ ༢༦ ཉིན་རྒྱལ་ས་ལྡི་ལི་ནས་བཞུགས་སྒར་རྡ་སར་ཕྱིར་ཕེབས་གནང་སྟེ། ཐེངས་འདིའི་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་བྱུང་ཡོད་པ་བཅས། །