༄༅། །བོད་རྒྱལ་ལོ་ ༢༡༤༩ རབ་གནས་ཆུ་སྟག་ལོའི་ཟླ་ ༡ ཚེས་ ༡༥ དང་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡༨ ཆོ་འཕྲུལ་དུས་ཆེན་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་ཀྱི་གསུང་ཆོས་དང་། སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ མ་ཟིན་ཙམ་ལ་མགོན་པོ་གང་ཉིད་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་གཙུག་ལག་ཁང་དུ་ཆིབས་སྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་བཀའ་སློབ་སྩལ་དོན། ཐོག་མའི་འཆར་གཞི་ལ་དེ་རིང་ལྡི་ལིར་ཕྱིན་ནས་བརྟག་དཔྱད་བྱེད་རྒྱུའི་འཆར་གཞི་རེད། འོན་ཀྱང་ངོས་ཀྱི་གཟུགས་པོར་དཀའ་ངལ་གང་ཡང་མི་འདུག ལྡི་ལིར་ངེས་པར་དུ་འགྲོ་དགོས་དོན་མི་འདུག དེར་བརྟེན་འགྲོ་མི་དགོས་པ་བྱས་པ་ཡིན། དགུན་དུས་འཆར་ཅན་རྡོ་རྗེ་གདན་དུ་འགྲོ་བཞིན་ཡོད། དེའི་ཞོར་ལ་ལྡི་ལིར་བརྟག་དཔྱད་བྱེད་རྒྱུ་བྱས་པ་ཡིན། གཟུགས་པོ་ནི་ད་ལྟ་བརྗོད་པ་བཞིན་ཧ་ཅང་བདེ་བོ་འདུག མ་གཞི་ནས་ངོས་ཀྱིས་མོ་བརྒྱབ་སྟེ་བརྟག་དཔྱད་བྱས་པ་ཡིན། རྡ་རམ་ས་ལར་ལྷོད་ལྷོད་བསྡད་ན་ཡག་པོ་འདུག ལྡི་ལིར་འགྲོ་རྒྱུའི་འཆར་གཞི་ཡོད་པ་དེ་གནས་སྐབས་རིང་མི་དགོས་པ་བྱས་པ་ཡིན། ཁྱོད་རང་ཚོ་བློ་བདེ་པོ་བྱོས་ནས་བཞུགས་ཨང་། སྐུ་འབུམ་ནས་ཡོང་བའི་བླ་མ་འདི་བདེ་ཐང་ཡོད། ཁྱོད་རང་ཚོ་བློ་བདེ་བོར་བཞུགས། དེ་རིང་འདིར་སྐྱེས་རབས་གསུང་ཆོས་རེད། སྔོན་ལ་ངོས་ཀྱིས་འདི་བརྗོད་འདོད་བྱུང་། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་།། འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ།། ཉིད་ཀྱི་རྟོགས་པ་གཞན་ལ་འཕོ་མིན་སྟེ།། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བ་འགྱུར།། གདུལ་བྱའི་ལུས་ཀྱི་སྡུག་བསྔལ་དང་སེམས་ཀྱི་དངངས་སྐྲག་གི་རྒྱུ་དང་ཉེ་བའི་རིགས་རྣམས་ཆུ་ཡིས་བཀྲུ་རྒྱུ་མེད། སེམས་ཅན་གྱི་སྡུག་བསྔལ་འདི་བཅོམ་ལྡན་འདས་ཀྱི་ཕྱག་གིས་སེལ་མི་ཐུབ་པ་དང་། ཁོང་གི་ཐུགས་རྒྱུད་ལ་ཡོད་པའི་ཡོན་ཏན་རྣམས་གདུལ་བྱར་སྦྱིན་རྒྱུ་མེད། བཅོམ་ལྡན་འདས་ཁོང་གི་ཉམས་མྱོང་གི་ཐོག་ནས་སེམས་མ་བཏུལ་བ་འདུལ་བར་བྱེད་པ་དང་། མ་ཞི་བ་ཞི་བར་བྱེད་པ་སོགས་གང་ལྟར་ཁོང་གི་ཉམས་མྱོང་སྟེང་ནས་རྗེས་འཇུག་གདུལ་བྱ་རྣམས་ལ་སེམས་མ་བཏུལ་བའི་སྐྱོན་སེལ་ཐབས་ཅི་ལྟར་ཡིན་མིན་གསུངས་པ་ཡིན་པ་རེད།བཅོམ་ལྡན་འདས་ཀྱིས་ཐོག་མར་བདེན་བཞིའི་ཆོས་འཁོར་གསུངས་ཡོད། དེ་ནས་ཅུང་ཟབ་ཏུ་ཕྱིན་ནས་བྱ་རྒོད་ཕུང་པོ་རིར་ཤེར་ཕྱིན་གྱི་གཞུང་དེ་དག་གསུངས་པ་ནི་བཅོམ་ལྡན་འདས་ཀྱི་གསུང་གི་ཉིང་ཁུ་ལྟ་བུ་ཆགས་ཡོད། ང་ཚོས་འཆར་ཅན་འདོན་བཞིན་པའི་ཤེས་རབ་སྙིང་པོའི་ནང་དུ། གཟུགས་སྟོང་པའོ།། སྟོང་པ་ཉིད་གཟུགས་སོ།། གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ།། ཞེས་སྟོང་ཉིད་བཞི་སྐོར་ནི་བྱ་རྒོད་ཕུང་པོའི་རིར་ཤེར་ཕྱིན་གྱི་གཞུང་མང་པོ་གསུངས་པའི་ནང་གི་སྙིང་བསྡུས་ཤིག་ཤེས་རབ་སྙིང་པོ་ཆགས་ཡོད། ང་ཚོ་ཚང་མས་ཤེས་རབ་སྙིང་པོ་འདོན་བཞིན་ཡོད་པ་རེད། ངོས་ལ་མཚོན་ནའང་ཉིན་རེ་བཞིན་སྟོང་ཉིད་བཞི་སྐོར་ལ་བསམ་བློ་གཏོང་གི་ཡོད། སྟོང་པ་ཉིད་ཀྱི་ལྟ་བར་གང་ཐུབ་ཀྱིས་བསམ་བློ་གཏོང་སྐབས་སེམས་ལ་ཆགས་སྡང་གི་བློ་དང་། ཚུལ་མིན་ཡེ་ཤེས་ཀྱི་རྣམ་རྟོག་སོགས་མི་ཡོང་བར་ཧ་ཅང་ཕན་གྱི་འདུག དེ་དང་ཆབས་ཅིག་བྱང་ཆུབ་སེམས་ཀྱི་སྐོར་སྤྱོད་འཇུག་ནང་། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །དེ་བས་སྐྱོ་ངལ་ཀུན་སེལ་བའི། །བྱང་ཆུབ་སེམས་ཀྱི་རྟ་ཞོན་ནས། །བདེ་ནས་བདེ་བར་འགྲོ་བ་ལ། །སེམས་ཤེས་སུ་ཞིག་སྒྱིད་ལུག་འགྱུར། །ཞེས་གསུངས་པ་འདི་ལ་བསམ་བློ་གཏོང་གི་ཡོད། དེར་བརྟེན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏོང་དུས་སེམས་ལ་ཧ་ཅང་ཕན་ཐོགས་ཡོང་གི་འདུགདངོས་ཡོད་གནས་ཚུལ་ལ་ང་རང་ཚོའི་སེམས་མ་སྐྱིད་པ་བཟོ་མཁན་ནི་ཕྱི་ལོགས་ནས་དཀྲུགས་པ་མ་ཡིན་པར་ང་རང་ཚོའི་བསམ་བློའི་ནང་ནས་ཆགས་སྡང་ཉོན་མོངས་ཀྱིས་སེམས་འཁྲུག་ཡོང་གི་ཡོད། དེ་ལ་གཉེན་པོ་བརྟེན་ནས་ཆགས་སྡང་གི་བློ་ཤུགས་ཆུང་དུ་འགྲོ་ཐུབ་པ་ཡིན་ན་རྩ་བ་ཤེས་རབ་ཀྱི་ནང་ཧ་ཅང་གསལ་པོ་ཡོད་པ་བཞིན། ཆགས་སྡང་གི་བློ་ཤུགས་ཆུང་དུ་ཕྱིན་པ་ཡིན་ན་སེམས་ལ་ཞི་བདེ་རང་བཞིན་གྱིས་ཡོང་གི་རེད། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་། འདུན་པ་གཉིས་ལྡན་གྱི་སེམས་བསྐྱེད་བཅས་ནི་ཅུང་ཙམ་ཁག་པོ་རེད། གང་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱི་སེམས་འདུལ་བའི་བསླབ་བྱ་གཙོ་བོ་ནི་སེམས་པ་བཟང་པོ་བྱེད་རྒྱུ་གསུང་གི་འདུག ང་རང་ཚོ་བོད་གངས་ཅན་པར་མཚོན་ན་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་རེད། སྤྱན་རས་གཟིགས་ནི་སྙིང་རྗེའི་ལྷ་མཆོག་རེད། བོད་མི་རྣམས་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན་སྟབས། རང་ཤུགས་ཀྱིས་བྱམས་བརྩེ་ཤུགས་ཆེན་པོ་ཡོད་པ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་རྗེ་བྱིན་རླབས་རེད། དེ་རིང་འདིར་སྨོན་ལམ་གྱི་སྐྱེས་རབས་གསུང་ཆོས་རེད། ཅེས་བཀའ་སློབ་སྩལ་རྗེས་ཤེས་རབ་སྙིང་པོ་སོགས་གསུང་འདོན་དང་འབྲེལ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས།དེ་ནས་མུ་མཐུད་བཀའ་སློབ་སྩལ་དོན། ང་ཚོ་བོད་གངས་ཅན་གྱི་ཞིང་འདི་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཞེས་བརྗོད་ཀྱི་ཡོད། བོད་ནང་ཡོད་པའི་རྒྱ་ཆེ་མི་མང་། དེ་དང་འབྲེལ་བའི་སོག་རིགས་ཁག་མང་པོ་ཞིག་གིས་འཕགས་པ་སྤྱན་རས་གཟིགས་ཞེས་བརྗོད་དུས་རྩེ་གཅིག་ཏུ་གསོལ་བ་འདེབས་བཞིན་པ་དེ་འདྲ་འདུག ང་ཚོའི་ལོ་རྒྱུས་བཤད་པ་ཡིན་ན། ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། ཁྲི་སྲོང་ལྡེའུ་བཙན་དེ་ཚོའི་གྲས་ནས་གལ་ཆེ་ཤོས་སྲོང་བཙན་སྒམ་པོ་རེད་འདུག སྲོང་བཙན་སྒམ་པོའི་ཀླད་པ་གྲུང་པོ་དང་ཧ་ཅང་གྱོང་པོ་རེད་འདུག ང་རང་ཚོ་བོད་པར་སོ་སོའི་བོད་ཡིག་དགོས་ཀྱི་འདུག་ཅེས་འབད་བརྩོན་གནང་སྟེ་སྲོང་བཙན་སྒམ་པོས་བོད་ཡིག་དེ་པཱ་ལི་དང་རྒྱ་ཡིག་ལ་དཔེ་བལྟ་རྒྱུ་མིན་པར་ལེགས་སྦྱར་གྱི་དབྱངས་དང་གསལ་བྱེད་གཞི་ལ་བཞག་ནས་གཙོ་བོ་བོད་པ་རང་གིས་བོད་ཡིག་བཟོས་ཏེ་ང་ཚོ་ཚང་མས་དུས་ད་ལྟ་བར་དུ་ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། ཞེས་དབྱངས་དང་གསལ་བྱེད་དེ་དག་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ཡོངས་ལ་གཅིག་གྱུར་བྱས་ནས་གནས་ཡོད་པ་འདི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་མཛད་རྗེས་རེད། གཞན་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བཟའ་དང་ལྷན་འཁྲུང་ས་བསྐྱོན་ཏེ་རྒྱ་ནག་གོང་མ་དང་དམིགས་བསལ་འབྲེལ་བ་ཡོད་པ་རེད། རྒྱ་བཟའ་དང་ལྷན་འཁྲུང་ས་བསྐྱོན་ཏེ་རྒྱ་མིའི་ཁ་ལག་ཏན་ཏན་བཞེས་ཡོད་ནའང་སོ་སོའི་ཡི་གེ་བཟོས་པ་དེ་ཧ་ཅང་གྱོང་པོ་རེད་འདུག
དེ་ནས་དུས་རབས་ ༨ པའི་སྐབས་སངས་རྒྱས་ཀྱི་གཞུང་བོད་ཡིག་ནང་བསྒྱུར་དགོས་ཀྱི་འདུག་ཅེས་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བཀའ་འགྱུར་བསྟན་འགྱུར་དེ་དག་གཞི་ནས་བོད་ཡིག་ནང་བསྒྱུར་རྒྱུ་འགོ་བརྩམས་པ་རེད། དུས་ད་ལྟ་བར་དུ་ང་ཚོ་ཚང་མས་བཀའ་འགྱུར་དང་བསྟན་འགྱུར་ཞེས་བཀའ་འགྱུར་པོ་ཏི་བརྒྱ་ཙམ་དང་བསྟན་འགྱུར་པོ་ཏི་ཉིས་བརྒྱ་ལྷག་ཙམ་དེ་དག་ཚང་མ་བོད་ཡིག་ནང་ཡོད། སྔར་ཆོས་རྒྱལ་ཚོས་དགོངས་པ་རྒྱ་ཆེན་པོ་བཞེས་ཏེ་འཕྲལ་སེལ་གྱི་གནས་ཚུལ་ཙམ་ལ་བརྟེན་ནས་སྲིད་བྱུས་ཐག་གཅོད་མིན་པར་ཕུགས་རྒྱང་རིང་པོར་དགོངས་པ་བཞེས་གནང་འདུགགང་ལྟར་དེང་སྐབས་སངས་རྒྱས་ཀྱི་བསྟན་པ་ཉམས་སྨད་པའི་དུས་ཚོད་ཡིན་ནའང་བོད་གངས་ཅན་གྱི་ལྗོངས་ལ་སངས་རྒྱས་ཀྱི་བསྟན་པ་འདི་དངོས་འབྲེལ་ས་དར་རྡོ་དར་རི་བཙུགས་པ་ནང་བཞིན་ཡོད་པ་ཆགས་འདུག བོད་པའི་ཕྲུ་གུ་ཆུང་ངུ་ཞིག་གིས་ཁ་ནས་ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་མ་ཎི་བགྲང་ཤེས་པ་ལྟ་བུ་དང་། ཕྲུ་གུ་ཆུང་ངུ་ཞིག་ཡིན་ནའང་འབུ་མ་སོད་ཅེས་བརྗོད་པ་ལྟ་བུ་བག་ཆགས་བཟང་པོ་ཞིག་ཡོད་པ་རེད་འདུག དུས་ད་ལྟ་བར་དུ་བོད་གངས་ཅན་པ་ཚོས་སངས་རྒྱས་ཀྱི་བསྟན་པ་ཉམས་པ་མེད་པར་བཟུང་བ་རེད། དུས་ད་ལྟར་ཆ་བཞག་ན་ཆབ་སྲིད་ཀྱི་གནས་སྟངས་ཐོག་ནས་དཀའ་ངལ་ཧ་ཅང་འཕྲད་བཞིན་ཡོད། བསམ་བཞིན་དུ་དགོས་དབང་གིས་ཆོད་དད་མེད་པ་བཟོ་རྒྱུ་དེ་འདྲ་བྱེད་ཀྱི་ཡོད་ནའང་བོད་རྒྱ་ཆེ་མི་མང་གི་སེམས་གཏིང་ལ་ཡོད་པའི་འཕགས་པ་སྤྱན་རས་གཟིགས་དང་། ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་པ་དེ་ཚོའི་གྲས་ཁྱོན་ནས་ཟུབ་ཐབས་མེད་པ་དང་འགྱུར་བ་འགྲོ་རྒྱུ་མེད་པ་ཧ་ཅང་བརྟན་པོ་འདུག
དེང་སྐབས་རིམ་བཞིན་དུས་ཚོད་འགྱུར་བ་ཕྱིན་པའི་སྐབས་འདིར་རྒྱ་ནག་ནང་དུའང་བོད་ཀྱི་སངས་རྒྱས་པའི་ཆོས་ལ་དོ་སྣང་ཡོང་བཞིན་ཡོད། ངོས་ཀྱི་ངོ་ཤེས་པ་ཀན་སུའུ་ཞིང་ཆེན་གྱི་སློབ་གྲྭ་ཆེན་མོའི་དགེ་རྒན་ཞིག་གིས། བོད་ཀྱི་ཆོས་འདི་ནཱ་ལེནྡྲའི་ཆོས་འཁྲུལ་མེད་རེད་འདུག ཆོས་འདི་རིག་པ་དང་ལྡན་པ་ཞིག་རེད་འདུག ཅེས་བཤད་འདུགསྤྱིར་འཛམ་གླིང་འདིའི་སྟེང་ཆོས་དད་ཡོད་མཁན་མང་པོ་ཡོད། ནང་པར་ཆོས་དད་ཡོད་མཁན་ཡང་མང་པོ་ཡོད། ཡིན་ནའང་རྒྱུ་མཚན་ལྡན་པའི་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་དེ་བོད་ལ་ཡོད་པའི་སངས་རྒྱས་པའི་ཆོས་འདི་སྤུ་ཐག་ཤོས་རེད་འདུག དཔེར་ན་ངོས་ལ་ཆ་བཞག་ན། ལྷ་མོའི་བླ་མཚོ་ནང་ཨ་ཀ་མ་ཞེས་འབྲུ་གསུམ་བསྟན་པ་དེའི་གོ་བ་ལེན་སྐབས་ཨ། ཞེས་པས་ཨ་མདོ་དང་། ཀ་ཡིས་སྐུ་འབུམ། མ། ཞེས་པས་གསལ་པོ་གང་ཡང་མེད་ནའང་ལུང་བསྟན་དཔེ་ཆ་ཞིག་གི་ནང་བཙའ་པའི་བུ་ལ་བུ་མོའི་མིང་ཐོགས། ཞེས་པ་ཞིག་ཡོད། དེར་བརྟེན་ངོས་རང་བུ་རེད། མ་གཞི་ནས་ལྷ་མོ་ཚེ་རིང་བུ་མོའི་མིང་རེད། ངོས་ཀྱི་མིང་ལྷ་མོ་དོན་གྲུབ་རེད། ཕ་ཡུལ་ནས་བོད་གངས་ཅན་གྱི་ལྗོངས་སུ་འབྱོར་ནས་དུས་ད་བར་སློབ་གཉེར་གང་ཙམ་བརྒྱབ་ཡོད། དེ་ནས་ཚུར་རྒྱ་གར་དུ་སླེབས་ནས་ཆོས་ལུགས་འདྲ་མིན་གྱི་མི་སྣ་ཐུག་འཕྲད་དང་། དེ་བཞིན་ཚན་རིག་པ་ཆོས་ཁས་མི་ལེན་མཁན་དེ་འདྲ་མང་པོ་ཐུག་གི་ཡོད། ལྷག་པར་ཚན་རིག་པ་ཚོའི་ནང་སེམས་ཁམས་རིག་པའི་བསམ་བློ་འགྲོ་སྟངས་ཐོག་དོ་སྣང་ཡོད་མཁན་དེ་འདྲ་ཡོང་གི་འདུག ངོས་ལ་ཚན་རིག་པ་གྲོགས་པོ་མང་པོ་ཡོད། ང་ཚོ་བོད་ལ་ཡོད་པའི་ཆོས་འདི་རིགས་པ་དང་ལྡན་པ། འགྲེལ་བཤད་རྒྱག་དུས་ཚན་རིག་དང་མཐུན་པ་ཆགས་འདུག དེར་བརྟེན་ང་ཚོར་ཡོད་པའི་སངས་རྒྱས་པའི་ཆོས་འདི་གཞན་དང་མི་འདྲ་བ་ཞིག་ཆགས་ཡོད། སློབ་གཉེར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ལུས་ལ་གྲྭ་ཆས་གྱོན་ཐུབ་ཙམ་མིན་པ་དང་། དེ་བཞིན་ལག་ཏུ་འཕྲེང་བ་འཁྱེར་ཏེ་ཐལ་མོ་སྦྱར་ནས་སྐྱབས་སུ་མཆི་ཟེར་རྒྱུ་ཙམ་མིན་པར་ཆོས་ཇི་ལྟར་ཡིན་པ་དེ་དག་ལ་སློབ་གཉེར་བརྒྱབ་ནས་དོ་སྣང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོར་ཕ་མའི་གཅེས་ནོར་སྤུ་དག་ཅིག་ཡོད་པ་འདི་བདག་པོ་བརྒྱབ་ནས་སློབ་སྦྱོང་དང་ཉམས་ལེན་ཟུང་འབྲེལ་ཐོག་བྱས་པ་ཙམ་དུ་མ་ཟད། འཛམ་གླིང་གཞན་ལའང་ད་བར་ཕན་ཐོགས་གང་ཙམ་བྱུང་ཡོད།འཛམ་གླིང་འདིའི་སྟེང་བོད་ཀྱི་ནང་པའི་ཆོས་ཚོགས་མང་པོ་འདུག གང་ལྟར་བོད་ཀྱི་སངས་རྒྱས་པའི་ཆོས་ལ་དོ་སྣང་ལྟ་བུ་དམིགས་བསལ་བྱེད་བཞིན་འདུག གལ་ཆེ་བ་ཞིག་ལ་ཀླུ་སྒྲུབ་ཀྱི་གཞུང་དེ་ཚོ་གྲས་རིགས་པ་ཤ་སྟག་གི་ཐོག་ནས་འགྲོ་བཞིན་འདུག དབུ་མ་འཇུག་པའི་ནང་རིགས་པ་རང་གིས་དཔྱད་པ་མ་གཏོགས་སྐྱབས་སུ་མཆི་ཟེར་ནས་འཇོག་གི་མི་འདུག དབུ་མ་འཇུག་པའི་ནང་། དེ་ཉིད་བཤད་ཟིན་ཟབ་མོ་འཇིགས་རུང་འདི་ནི་སྔོན་གོམས་ཉིད་ལས་སྐྱེ་བོ་ཡིས། །ངེས་པར་རྟོགས་འགྱུར་འདི་ནི་གསན་རྒྱ་ཆེ་ཡང་གཞན་གྱི་ཐུགས་སུ་ཆུད་མི་འགྱུར། །ཞེས་སློབ་དཔོན་དབྱིག་གཉེན་དང་ཕྱོགས་གླང་སོགས་ཀྱི་ཟབ་མོ་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པ་ཐུག་ལ་ཆུད་ཀྱི་ཡོད་མ་རེད། ཅེས་གསུང་གི་འདུག
དེ་བཞིན་སངས་རྒྱས་པའི་ཆོས་རིགས་པས་དཔྱད་པ་བྱེད་རྒྱུ་ཡོད་པ་ཞིག་ཡིན་སྟབས། དབུ་མ་འཇུག་པ་ལས། དེ་ལྟར་བློ་གྲོས་ཟེར་གྱིས་སྣང་བ་གསལ་བྱས་པའི། །རང་གི་ལག་ན་གནས་པའི་སྐྱུ་རུ་ར་བཞིན་དུ། །སྲིད་གསུམ་འདི་དག་མ་ལུས་གདོད་ནས་སྐྱེ་མེད་པར། །རྟོགས་ཏེ་ཐ་སྙད་བདེན་པའི་སྟོབས་ཀྱིས་འགོག་པར་འགྲོ། །རྟག་ཏུ་འགོག་པར་གཏོགས་པའི་སེམས་ལྡན་ཡིན་མོད་ཀྱི། །འགྲོ་བ་མགོན་མེད་པ་ལ་སྙིང་རྗེའང་སྐྱེད་པར་བྱེད། །དེ་གོང་བདེ་གཤེགས་གསུང་སྐྱེས་སངས་རྒྱས་འབྲིང་བཅས་ནི། །མ་ལུས་པ་རྣམས་བློ་ཡིས་ཕམ་པར་བྱེད་པའང་ཡིན། །ཀུན་རྫོབ་དེ་ཉིད་གཤོག་ཡངས་དཀར་པོ་རྒྱས་གྱུར་པ། །ངང་པའི་རྒྱལ་པོ་དེ་ནི་སྐྱེ་བོའི་ངང་པ་ཡི། །བདུན་དུ་བདར་ནས་དགེ་བའི་རླུང་གི་ཤུགས་སྟོབས་ཀྱིས། །རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ །ཞེས་པ་དེ་ང་ཚོས་རྟག་ཏུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤོག་ཅེས་སྨོན་ལམ་རྒྱག་བཞིན་པ་འདི་ཐབས་ཤེས་ཀྱི་ལམ་ལ་བརྟེན་ནས་དེ་ལྟར་འགྲོ་རྒྱུ་གསུང་གི་འདུག
ངོས་ལ་ཆ་བཞག་ན་མདོ་སྨད་ནས་ཡར་སླེབས་པའི་ཨ་མདོའི་ཕྲུ་གུ་ཞིག་ཡོངས་འཛིན་རྣམ་པ་གཉིས་ཀྱི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་དཔེ་ཆ་ཕྲན་བུ་བལྟས་ཡོད་པར་བརྟེན་མཁས་དབང་ང་ཡིན་ཟེར་མཁན་དང་ཐུག་ནས་སྐད་ཆ་བཤད་དུས་ཞུམ་དགོས་པ་ཁྱོན་ནས་མི་འདུག འདི་ནི་ང་ཚོ་བོད་ཀྱི་རིག་གཞུང་རེད། ང་ཚོ་ཐོག་མར་རྒྱ་གར་ནང་སླེབ་དུས་ནེཧ་རུ་ལ་ང་ཚོར་བོད་སྐད་དང་བོད་ཡིག་ཟུར་དུ་ཡོད་སྟབས་ང་ཚོའི་སློབ་གྲྭར་བོད་ཡིག་དང་བོད་སྐད་བསླབ་རྒྱུ་དགོས་ཀྱི་འདུག་ཅེས་ངོས་ཀྱིས་ནེཧ་རུ་ལ་ཞུས་པ་རེད། ནེཧ་རུས་རྒྱབ་སྐྱོར་གཙང་མ་གནང་བྱུང་། དེ་ལྟར་ང་ཚོས་རྒྱ་གར་དུ་ཡོད་པའི་བོད་པའི་སློབ་གྲྭ་ཟུར་དུ་བཙུགས་ནས་བོད་པའི་སྐད་ཡིག་སློབ་རྒྱུ་ཡོད་པ་ཞིག་བྱུང་བ་རེད། དེར་བརྟེན་ང་ཚོ་ལུས་པོའི་ཆ་ནས་ཡུལ་གྱར་ཆགས་ཏེ་གནས་ཡོད་ཀྱང་བསམ་བློ་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་དེ་དག་སེམས་ཐག་ཉེ་བོ་བྱས་ནས་སྡོད་བཞིན་ཡོད། ངོས་ལ་ཆ་བཞག་ནའང་བོད་ཀྱི་ཆོས་དང་རིག་གཞུང་སྐོར་འགྲེལ་བཤད་གང་ཐུབ་རྒྱག་བཞིན་ཡོད། དེ་རིང་འདིར་ཆོས་ཞུ་བ་སྤྱི་དང་། ལྷག་པར་སློབ་ཕྲུག་གཞོན་སྐྱེས་ཡོད་སྟབས་ངོས་ཀྱིས་འདི་བརྗོད་འདོད་བྱུང་། ཁྱེད་རང་ཚོ་ཚང་མས་ཧུར་ཐག་བྱེད་དགོས། ངོས་རང་ལོ་ཡར་རྒས་བཞིན་ཡོད། འོན་ཀྱང་ད་དུང་ལོ་བཅུ་ཕྲག་ཕལ་ཆེར་སྡོད་ཀྱི་རེད། དེར་བརྟེན་ཁྱེད་རང་ཚོས་ཧུར་ཐག་བྱོས་ཤོག་ཨང་། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་སྐྱེས་རབས་ཀྱི་གསུང་ཆོས་དང་། སངས་རྒྱས་ཆོས་ཚོགས་མའི་སྟེང་ནས་སེམས་བསྐྱེད་ཀྱི་སྡོམ་པ་འབོག་ཆོག་གནང་སྟེ་ཆོ་འཕྲུལ་དུས་ཆེན་ཉིན་གྱི་ཆོས་འབྲེལ་གནང་སྒོ་ལེགས་པར་གྲུབ་ཡོད་པ་བཅས། །