༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱལ་ལོ་ ༢༡༤༩ རབ་གནས་ཆུ་སྟག་ལོའི་ལོ་གསར་ལ་འཚམས་འཕྲིན་སྩལ་དོན། ལོ་གསར་པ་འཆར་ལ་ཉེ་ཞིང་། ཕལ་ཆེར་ཡུལ་ལུང་གང་སར་ལོ་གསར་དང་། བདེ་སྐྱིད་ལྡན་པའི་ལོ་ཞེས་བརྗོད་སྲོལ་ཡོད་པ་ལྟར། རང་རེ་བོད་པར་མཚོན་ནའང་ལོ་གསར་འཆར་ལ་ཉེ་བའི་ཚེ་ད་ལོ་གསར་འཆར་གྲབས་ཡོད་ཅེས་ཉོ་ཆ་སྣོན་མ་རྒྱག་པ་དང་། ངོ་ཤེས་པ་རྣམས་མཉམ་དུ་འཛོམས་ཏེ་ལོ་གསར་བརྗོད་དུས་གྱོན་ཆས་ཀྱང་གསར་པ་འདྲ་གྱོན། རྒྱན་ཆ་གསར་པ་ལྟ་བུས་སྤྲས་ཏེ་ལོ་གསར་གྱི་སྐབས་ཚང་མ་མི་ཚེ་སོས་པ་ལྟ་བུར་འགྱུར་བཞིན་ཡོད་སྟབས། དེ་རིང་ལོ་གསར་གྱི་སྐབས་མཚམས་ལ་སླེབས་ཡོད། རང་རེ་བྱེས་ལ་ཡོད་པའི་བོད་མི་རྣམས་དང་། ལྷག་པར་བོད་ནང་ཡོད་པའི་ཆོལ་ཁ་གསུམ་རིས་སུ་མ་ཆད་པའི་གངས་ཅན་པ་ཚང་མ་སྐྱིད་པོ་དང་། བག་ཕེབས་པོ། ལྷོད་ལྷོད་ངང་ལོ་གསར་ལ་རོལ་ཐུབ་པ་ཞིག་ཕལ་ཆེར་འོང་ངེས་རེད།
གང་ལྟར་འགྱུར་བ་ཧ་ཅང་འགྲོ་བཞིན་འདུག བོད་པའི་རིག་གཞུང་དང་གོམས་གཤིས་སོགས་ལ་མི་རིགས་གཞན་གྱིས་དོ་སྣང་བྱེད་པ་འོང་བཞིན་ཡོད་པར་བརྟེན་རང་རེ་བོད་རང་གི་ལུགས་སྲོལ་ལྟར་ལོ་གསར་གྱི་ཕྱེ་མར་བསྒྲིག་པ་ལྟ་བུ་དང་། ལོ་གསར་གྱི་སྐབས་ཕན་ཚུན་ཐུག་འཕྲད་བྱུང་བ་དང་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞེས་བརྗོད་ཀྱི་ཡོད། ཕལ་ཆེར་ལོ་གསར་གྱི་ཉིན་མོར་བོད་པ་འཁྲུག་པ་རྒྱག་མཁན་ཧ་ལམ་ཉུང་ཉུང་མིན་ནམ། དེར་བརྟེན་ཚང་མས་ལོ་གསར་གྱི་སྐབས་བཀྲ་ཤིས་བདེ་ལེགས་ཞེས་བརྗོད་དེ་སེམས་སོས་ཧྲིལ་ཧྲིལ་ངང་གནས་ཀྱི་ཡོད་སྟབས། ངོས་ཀྱིས་དེ་རིང་རང་རེ་བོད་རིགས་བཙན་བྱོལ་དུ་ཡོད་པ་རྣམས་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པ། ལྷག་པར་བོད་ནང་ཡོད་པའི་གངས་ཅན་པ་རྣམས་ཏེ་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་གི་སྐྱེ་བོ་གཅིག་གྱུར་ཡིན་པ་ཚང་མས་འཕགས་པ་སྤྱན་རས་གཟིགས་ལ་ཡིད་ཆེས་ཀྱིས་གསོལ་བ་འདེབས་བཞིན་ཡོད་པ་ལྟར། གངས་རིའི་ར་བས་བསྐོར་བའི་ཞིང་ཁམས་འདིར། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག །ཅེས་འདོན་པའི་ཚེ་ངོས་ཀྱི་སེམས་ནང་ད་ལྟའི་བར་གྱི་ལོ་ངོ་འདི་དག་གི་རིང་ངོས་ཀྱིས་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུའི་སྐུ་ཚབ་དང་། གསུང་གི་གསུང་ཚབ། ཐུགས་ཀྱི་ཐུགས་ཚབ་བྱས་ཏེ་འཚོ་བཞིན་ཡོད་པ་མ་ཟད། ད་དུང་འབྱུང་འགྱུར་ལོ་ངོ་བཅུ་ཕྲག་ལྷག་གི་རིང་ཕལ་ཆེར་ངོས་རང་འདི་ལྟར་གནས་རྒྱུའི་ཡིད་ཆེས་ཡོད། འཕགས་པ་སྤྱན་རས་གཟིགས་སྙིང་རྗེའི་ལྷ་ཡིན་པས་བོད་རིགས་ཚང་མས་ཀྱང་གཙོ་ཆེ་ཤོས་སྙིང་རྗེ་བསྒོམ་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན། སེམས་པ་བཟང་བའི་མི་ཞིག་གི་ངོ་བོར་གནས་དགོས་པ་ཚང་མས་སེམས་ལ་ངེས་པར་བྱས་ཏེ་ཧུར་ཐག་བྱོས་ཤོག་ཨང་། བཀྲ་ཤིས་བདེ་ལེགས།