༄༅། །སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༡ རེས་གཟའ་ཟླ་བ་ནས་ཚེས་ ༣༡ རེས་གཟའ་ཕུར་བུ་བར་ལས་ཉིན་བཅུའི་རིང་ཚོགས་པའི་ཚོགས་དུས་མཐའ་མའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་མཇུག་བསྡོམས་གསུང་བཤད་གནང་དོན། དེ་རིང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ཉིན་མཐའ་མ་དང་མཇུག་བསྡོམས་ཆགས་ཡོད། རྩ་བའི་དེ་རིང་ཚོགས་གཙོའི་མཇུག་བསྡོམས་གཏམ་བཤད་ལ་སྐད་ཆ་རིང་པོ་བཤད་རྒྱུའི་འཆར་གཞི་གང་ཡང་མེད། མདོར་བསྡུས་ནས་ཞུ་རྒྱུ་ཡིན་ཞེས་སྙན་སེང་ཞུ་རྒྱུ་དང་། སྔོན་དུ་ཞུ་རྒྱུར་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༣༠ རེས་གཟའ་ལྷག་པ་ཉིན་བོད་ཁམས་སྐྱེ་རྒུ་མདོ་རུ་དམག་སྒར་གྱི་ཉེ་འགྲམ་དུ་བོད་མི་ཞིག་གིས་རང་ལུས་མེར་སྲེག་བཏང་བའི་གནད་དོན་བྱུང་འདུག
དེ་བཞིན་གྲོས་ཚོགས་ཚོགས་དུས་གཉིས་པའི་སྐབས་ཏེ་ཕྱི་ཟླ་ ༢ ཚེས་ ༢༥ ཉིན་གཞས་པ་ཚེ་དབང་ནོར་བུ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་གནས་སྟངས་བར་ང་ཚོས་མྱ་ངན་གུས་འདུད་ཀྱི་གྲོས་འཆར་ཞིག་འཁྱེར་ཡོད། སྐྱེ་རྒུ་མདོ་རུ་རང་ལུས་མེར་སྲེག་བཏང་མཁན་གྱི་མཚན་དང་ལོ་རྒྱུས་སོགས་གསལ་པོ་གང་ཡང་རག་གི་མི་འདུག འོན་ཀྱང་ཁོང་རྣམ་པས་བོད་བསྟན་སྲིད་ཀྱི་ཆེད་དུ་བློས་བཏང་ཆེན་པོ་ཞིག་གནང་བ་ཡིན་དུས་ང་ཚོའི་ངོས་ནས་ཁོང་རྣམ་པའི་བློས་བཏང་དེ་དག་དོན་དང་ལྡན་པ་ཡོང་བར་ཤོག་ཅེས་དང་། ལྷག་པར་སོ་སོའི་ངོས་ནས་བོད་སྲིད་ཀྱི་ཆེད་དུ་ལྷག་བསམ་འཇུག་པ་ཆེར་སྐྱེད་ཀྱི་ཐོག་ནས་ཞབས་འདེགས་ཞུ་ཐུབ་དགོས་རྒྱུའི་ཆོད་སེམས་དང་དམ་བཅའ་ལེན་ཐུབ་པ་ཡིན་ན་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ཡིན་ནའང་འདྲ་གདུང་སེམས་མཉམ་སྐྱེ་ཡིན་ནའང་འདྲ་དོན་དང་ལྡན་པ་ཆགས་ཀྱི་ཡོད་པ་རེད། ཅེས་སྙན་གསེང་ཞུ་རྒྱུ་ཡིན།
གྲོས་ཚོགས་ཀྱི་ལས་རིམ་དང་འབྲེལ་བའི་ཐོག་ནས་ཐོག་མར་བོད་ནང་གི་ཁོར་ཡུག་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཞིག་འཁྱེར་ཡོད། ཕྲན་རང་རྡ་སའི་གྲོས་ཚོགས་ར་བ་ནང་སླེབས་ནས་ཁོར་ཡུག་ཐོག་ཆེད་དུ་དམིགས་ནས་གྲོས་ཆོད་འཁྱེར་བ་ཕལ་ཆེར་ཐོག་མ་ལྟ་བུ་ཆགས་ཡོད། ཕྱི་ལོ་ ༢༠༠༨ ནས་བཟུང་ད་བར་གདུང་སེམས་མཉམ་སྐྱེའི་གྲོས་ཚོད་འཁུར་བཞིན་ཡོད། ཉེ་ཆར་གྲོས་ཚོགས་ཚོགས་དུས་གཉིས་པའི་སྐབས་སུ་གདུང་སེམས་མཉམ་སྐྱེའི་གྲོས་ཚོད་བཞག་ཚར་ཙམ་ཡིན་སྟབས། ཁོར་ཡུག་ཐོག་གྲོས་ཆོད་ཅིག་འཁྱེར་ཐུབ་ན་སྙམ་ནས་ཚོགས་གཙོ་སྦྲེལ་པོས་གོ་བསྡུར་བྱས་པ་དང་། དེ་བཞིན་སྤྱི་འཐུས་རྒྱུན་ལས་མཉམ་གོ་བསྡུར་བྱས་ཏེ་གྲོས་ཆོད་དོན་ཚན་ལྔ་གྲོས་ཚོགས་ར་བ་འདིའི་ནང་སྤྱི་མོས་ཐོག་བཞག་ཐུབ་པ་བྱུང་སོང་སྙམ་པ་བྱུང་། དེ་ལ་དམིགས་བསལ་དགའ་ཚོར་ཆེན་པོ་བྱུང་། འོན་ཀྱང་སྐབས་དེ་དུས་ཞན་ཆ་གཅིག་དང་ཐུགས་སྣང་ཡོང་སའི་གནས་སྟངས་གཉིས་ལྟ་བུ་གནོན་པ་ཡིན་ན། ཁོར་ཡུག་ཐོག་དམིགས་བསལ་གྲོས་ཆོད་ཅིག་འཁྱེར་ཡོང་དུས་ཚང་མས་ཐུགས་སྣང་གནང་རྒྱུ་དང་། དེའི་ཐོག་བགྲོ་གླེང་གསར་པ་དང་བློ་བསྐྱེད་གསར་པ་དེ་འདྲ་བྱུང་བ་གསལ་པོ་ཆགས་སོང་། ཞན་ཆ་དེ་གང་བྱུང་སོང་ཞེ་ན། ཁོར་ཡུག་ཐོག་ཉམས་ཞིབ་ཚད་ལྡན་མེད་པ། ལྷག་པར་ཕྱི་དྲིལ་ཁོར་ཡུག་ཚན་པའི་ཐོག་ནས་བརྒྱ་ཆ་བསྐོར་ཕྱོགས་ཀྱི་ལུང་འདྲེན་དེ་ཚོ་ཁུངས་གང་ནས་ཡིན་མིན་དང་། ཁུངས་དེ་ལའང་ཞིབ་འཇུག་ཚད་ལྡན་ཇི་ཙམ་བྱས་ཡོད་མེད། ང་ཚོའི་ངོས་ནས་ཞིབ་འཇུག་གི་གནས་སྟངས་མ་འདང་བའི་ཆ་དེ་འདྲ་སླེབས་སོང་། དེར་བརྟེན་ཡིག་ཆ་བཟོ་བའི་སྐབས་དཀའ་ངལ་འཕྲད་བྱུང་། མ་འོངས་པར་བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་ཐོག་ནས་བོད་མིའི་སྒྲིག་འཛུགས་ལ་ཁུངས་འདྲེན་ཐུབ་པ་དང་། ཞིབ་འཇུག་ཚད་ལྡན་ཡོང་ཐུབ་རྒྱུར་འབད་བརྩོན་ཞུ་དགོས་རྒྱུ་གལ་ཆེན་པོ་རེད་འདུག
དེ་བཞིན་དཔལ་འབྱོར་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དབུས་དང་ཁྱབ་ཁོངས་ལས་ཁུངས་ཁག་གི་ལོ་ངོ་ཡིན་ན་ལོ་ ༢༡ དང་། ལོ་རང་ཡིན་ན་ལོ་ ༢༠ རིང་གི་འདས་པའི་མ་དངུལ་གྱི་གནས་བབ་སྙན་ཐོ་ཞིག་འཁྱེར་ཡོད། དེའི་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་བབ་གང་ཙམ་གསལ་པོ་ཆགས་སོང་བསམ་གྱི་ཡོད། དེ་ཡང་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། འགྲོ་སོང་གཏོང་ཕྱོགས་ཡིན་ནའང་འདྲ། ལས་འཆར་སྒྲིག་ཕྱོགས་ཡིན་ནའང་འདྲ། རོགས་དངུལ་ཐབས་འཚོལ་བྱེད་ཕྱོགས་ཡིན་ནའང་འདྲ་གཞི་རྩ་འདི་ལ་བཟུང་ནས་དཔལ་འབྱོར་གྱི་ལས་དོན་དང་ལས་འཆར་སྒྲིག་སྟངས་དེ་དག་གལ་ཆེན་པོ་ཡིན་སྟབས། དེ་ཚོའི་ཐོག་ལ་བཀུར་འོས་སྤྱི་འཐུས་མང་པོ་ཞིག་གིས་ཆ་ཤས་བཞེས་རྒྱུ་དང་། དཔལ་འབྱོར་བཀའ་བློན་མཆོག་གིས་གསལ་བཤད་ལན་འདེབས་ཡག་པོ་གནང་སོང་། དེ་ཚོའི་ཐོག་ནས་གྲོས་ཚོགས་ར་བའི་ནང་བློ་སྐྱེད་འཐོབ་རྒྱུ་ཞིག་དང་། ལྷག་པར་རྒྱ་ཆེ་མང་ཚོགས་ཀྱི་ཐོག་ནས་ཐུགས་སྣང་གནང་མཁན་ཡིན་ན་ཏན་ཏན་ཐུགས་ཕན་གསོ་སོང་བསམ་གྱི་ཡོད།
དེ་ནས་དཔལ་ལྡན་བཀའ་ཤག་གི་གཞུང་འབྲེལ་གསལ་བཤད་དེ་རེད། གཙོ་བོ་གཞུང་འབྲེལ་གསལ་བཤད་ཀྱི་ནང་དོན་འདྲ་པོ་ཡིན་ན། བོད་དོན་བདེན་མཐའ་གསལ་ཐབས་སྐོར་དང་། བཙན་བྱོལ་བོད་མིའི་བདེ་དོན་སྐོར་ཆགས་ཀྱི་ཡོད་སྟབས་དེ་ཚོའི་ཐོག་ལ་བཀུར་འོས་སྤྱི་འཐུས་མང་པོ་ཞིག་གིས་ཆ་ཤས་བཞེས་གནང་སོང་། བཀའ་ཤག་གིས་ཡིན་ནའང་གསལ་བཤད་ལན་འདེབས་གནང་བའི་ཐོག་ནས་ང་ཚོའི་ཆབ་སྲིད་ཀྱི་གནས་བབ། རྒྱལ་སྤྱི་དང་། ལྷག་པར་རྒྱ་ནག་གི་གནས་སྟངས། བོད་པའི་ངོས་ནས་འབད་བརྩོན་ག་རེ་ཞུ་དགོས་ཀྱི་ཡོད་མེད། ལྷག་པར་བཙན་བྱོལ་གྱི་སྒྲིག་འཛུགས་ས་བརྟན་གནས་པར་ཚང་མས་ནུས་པ་མཉམ་སྤུངས་ཀྱི་ཐོག་ནས་གནང་ཐུབ་དགོས་རྒྱུ། བཀའ་ཤག་གི་དགོངས་ཚུལ་དང་མ་སོང་ན་གསལ་པོ་བྱུང་བ་རེད། དེ་འདྲའི་ཐོག་ནས་བཀུར་འོས་སྤྱི་འཐུས་རྣམ་པས་ཆ་ཤས་བཞེས་པ་དང་། ལྷག་པར་མང་ཚོགས་ཀྱི་ཐོག་ནས་དེ་ཚོའི་ཐོག་ལ་ཐུགས་སྣང་གནང་དགོས་རྒྱུ་གལ་ཆེན་པོ་རེད། དེ་གཅིག་ཞུ་རྒྱུ་ཡིན།
དེ་ནས་ང་ཚོའི་ཁྲིམས་བཟོའི་ལས་དོན་སྐོར་ལ་རེད། རྩ་བའི་གྲོས་ཚོགས་འདིའི་ནང་ལ་ཁྲིམས་བཟོའི་ལས་དོན་མང་པོ་ཞིག་ཡོད་མ་རེད། འོན་ཀྱང་བཀའ་ཤག་གིས་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་ཁག་གཅིག་ལ་བསྐྱར་བཅོས་ཁུར་ཡོད་པ་རེད། དེའི་ནང་ནས་དོན་ཚན་ ༡༦ དང་དོན་ཚན་ ༡༩ ནང་གསེས་ཁག་གཅིག་ཐོན་ཐུབ་ཡོད་པ་རེད། དེ་ནས་བཅའ་ཁྲིམས་བསྐྱར་བཅོས་དོན་ཚན་རེ་གསུམ་པའི་ནང་གསེས་ག་པའི་ཐོག་ལ་གཅིག་ཁུར་ཡོད་ནའང་ཐོན་ཐུབ་ཡོད་པ་མ་རེད།
ང་ཚོ་སྤྱི་ཡོངས་ཀྱི་གནས་སྟངས་ཐོག་ནས་ཚང་མ་རྣམ་དཔྱོད་ལྡན་པ་རེད། གྲོས་ཚོགས་ཀྱི་རྣམ་དཔྱོད་ལའང་བརྩི་བཀུར་ཞུ་དགོས་པའི་གནས་སྟངས་ཆགས་ཀྱི་ཡོད་ནའང་བར་སྐབས་སྤྱི་ཚོགས་ཀྱི་གནས་སྟངས་རེད། བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་ཀྱི་ཐོག་ནས་དཀའ་ངལ་ཞིག་ཡོང་བཞིན་འདུག་སྟབས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་གསལ་བཤད་ལན་འདེབས་ནང་དུ་གསུངས་པ་ནང་བཞིན། འདས་པ་ནི་འདས་པ་རེད། མ་འོངས་པར་བཟང་ཕྱོགས་ལ་ང་ཚོ་འགྱུར་བ་འགྲོ་ཐུབ་པ་ཚང་མས་འབད་བརྩོན་ཞུ་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་འདུག ཅེས་ཞུ་རྒྱུ་ཡིན། དེ་དང་མཉམ་དུ་ཁ་སང་དཔལ་ལྡན་བཀའ་ཤག་གི་གསལ་བཤད་ནང་དུ་དེ་རིང་གྲོས་ཚོགས་འདིའི་ནང་དུ་ཁྲིམས་སྒྲིག་བསྐྱར་ཞིབ་ཚོགས་ཆུང་ཞིག་འཁུར་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད། དེར་བརྟེན་ཐོག་མར་ཚོགས་གཙོ་གཉིས་ཀྱིས་གོ་བསྡུར་བྱས་ནས་ང་ཚོས་གྲོས་ཆོད་རགས་ཟིན་ཞིག་བཟོས་ཟིན་པ་ཡིན། གྲོས་ཆོད་རགས་ཟིན་དེ་རྒྱུན་ལས་ནང་དུ་ཁུར་ནས་རྒྱུན་ལས་ནང་གོ་བསྡུར་གནང་དུས་ང་ཚོས་བཞུགས་མོལ་ཚོགས་འདུའི་ཐོག་ནས་ཐག་གཅོད་ག་རེ་བྱུང་བ་ལ་གཟིགས་ནས་བཏང་ན་ཞེས་གོ་བསྡུར་བྱུང་བ་རེད། དེ་འདྲའི་ཐོག་ནས་འདི་གནས་སྐབས་རིང་ངང་འཐེན་བྱས་ཡོད། མ་འོངས་པར་ང་ཚོའི་གནས་སྟངས་བཟང་ཕྱོགས་སུ་འགྱུར་བ་ཕྱིན་པ་ཡིན་ན། འདིའི་ཐོག་ལ་གྲོས་ཚོགས་ནས་ཏན་ཏན་དགོངས་པ་བཞེས་རྒྱུ་དང་། ཚོགས་གཙོ་ཚོགས་གཞོན་རེད། རྒྱུན་ལས་མཉམ་དུ་གོ་བསྡུར་ཞུ་རྒྱུ་ཡིན།
ད་ལྟའི་གནས་སྟངས་འདི་འདྲ་བའི་ཐོག་ནས་ཚོགས་ཆུང་བཙུགས་པ་ཡིན་ན། ཚོགས་ཆུང་གི་ལས་དོན་དང་དུས་ཚོད། འགྲོ་གྲོན་མང་པོ་ཞིག་ཚད་ལྡན་ཡོང་ཐུབ་རྒྱུར་ཐེ་ཚོམ་འདྲ་པོ་ཆགས་ཀྱི་འདུག དེར་བརྟེན་གྲོས་ཚོགས་ནང་ཁྲིམས་འཆར་ག་རེ་ཁུར་བ་ཡིན་ནའང་། གཏན་འབེབས་བྱེད་ཕྱོགས་ཀྱི་གནས་སྟངས་གང་འདྲ་ཞིག་ཆགས་ཀྱི་ཡོད་མེད་ཚོད་དཔག་ཞུ་ཚོད་ཐིག་གི་མི་འདུག ཡིན་ནའང་མ་འོངས་པར་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བའི་གནས་སྟངས་འདི་ཏོག་ཙམ་ལྷིང་འཇགས་སོང་ན་ང་ཚོས་དགོངས་པ་བཞེས་དགོས་པའི་གནས་སྟངས་ཆགས་བཞིན་ཡོད། འདི་གཅིག་ཞུ་རྒྱུ་ཡིན།
དེ་བཞིན་ང་ཚོས་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཁག་གཅིག་ཁུར་ཡོད་པ་རེད། གཅིག་དེ་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་བཅུ་གཅིག་པ་བསྐོ་འཛུགས་གནང་རྒྱུའི་གྲོས་ཆོད་རེད། དེ་བཞིན་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་མུ་མཐུད་ནས་ཐོག་མའི་དམིགས་ཡུལ་གཞིར་བཟུང་ཡོང་ཐུབ་མིན་ལ་ཞིབ་འཇུག་ཚོགས་ཆུང་འཛུགས་རྒྱུ་གཏན་ཁེལ་ཡོད་པ་རེད། དེ་བཞིན་སྣར་ཐང་པར་ཁང་མུ་མཐུད་གནས་ཐབས་ཡོང་རྒྱུའི་གྲོས་ཆོད་ཅིག་འཇོག་ཐུབ་ཡོད་པ་རེད། དེ་བཞིན་བཀའ་ཤག་གི་ཟླ་བ་བཞིའི་བར་བརྒལ་བཀའ་འཁྲོལ་ཞུ་བའི་སྐོར་རེད། དེའི་ཐོག་ལ་ང་ཚོས་གྲོས་ཆོད་འཇོག་ཐུབ་ཡོད་པ་རེད། དེ་ཡང་ད་ལྟ་བཀུར་འོས་སྤྱི་འཐུས་གཅིག་གིས་བཟོ་བཅོས་གྲོས་འཆར་དེ་འདྲ་གསུངས་སོང་། དེར་དགོངས་སེལ་ཞུ་རྒྱུ་ཡིན། དེ་ལམ་ཐུབ་མ་སོང་། འོན་ཀྱང་བཀའ་ཤག་གིས་ཁྲིམས་སྒྲིག་ཅིག་ལ་འབྲེལ་བ་བཏགས་ནས་གནང་པ་རེད། ང་ཚོས་དམིགས་བསལ་གནས་བབ་ཅིག་གི་ཐོག་ནས་བྱུང་བ་ལ་ངོས་འཛིན་གྱི་ཐོག་ནས་དེ་འདྲའི་གྲོས་ཆོད་དེ་མང་མོས་ཀྱི་ཐོག་ནས་གཏན་འབེབས་བྱུང་བ་ཡིན་དུས་དེ་ཡང་འགྲིག་སོང་བསམ་གྱི་ཡོད།
སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་མང་བ་དེ་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་ཐོག་ལ་དུས་ཚོད་བཏང་ཡོད། གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༢༌༌༌༢༠༢༣ ལོའི་བཀའ་ཤག་གི་སྔོན་རྩིས་གཏམ་བཤད་རེད། དེ་བཞིན་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་ཞིབ་འཇུག་གནང་བའི་སྙན་ཐོར་གཞི་བཅོལ་ནས་ང་ཚོས་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་གཏན་འབེབས་གནང་རྒྱུ། ལྷག་པར་ལས་ཁུངས་སོ་སོའི་ལས་དོན་དང་འབྲེལ་བའི་ཐོག་ནས་བགྲོ་གླེང་གོ་བསྡུར་གནང་རྒྱུ། དེ་བཞིན་འཛིན་སྐྱོང་བཀའ་ཤག་གི་ཐོག་ནས་ལན་འདེབས་གསལ་བཤད་གནང་རྒྱུ་དེ་འདྲའི་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་དབུས་དང་ཁྱབ་ཁོངས་བཅས་ཀྱི་རྩིས་ལོ་ ༢༠༢༢༌༌༌༢༠༢༣ ལོའི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་བཅས་ལ་ཧིན་སྒོར་བསྡོམས་ས་ཡ་ ༢༥༣༥༌༡༤ ལྷག་ཙམ། དེ་ལ་སྤར་ཆ་ཏོག་ཙམ་ཕྱིན་ཡོད་པ་རེད། དེ་བསྡོམས་ཡོད་མ་རེད། དེ་འདྲའི་ཐོག་ནས་བཀའ་འཁྲོལ་གཏན་འབེབས་བྱུང་ཐུབ་ཡོད། གཙོ་བོ་དེ་འདྲའི་བརྒྱུད་ནས་ལས་འཆར་དེ་དག་འགན་འཁུར་གནང་མཁན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཤམ་འོག་དབུས་དང། ས་གནས་ཀྱི་ལས་བྱེད་ཆགས་ཡོད། དེ་ཚོ་གྲས་ཀྱི་ཐོག་ནས་ལས་འཆར་དེ་དག་དོན་དང་ལྡན་པ། ཚགས་ཚུད་པོ་ཡོང་རྒྱུར་འགན་འཁུར་ལྷག་བསམ་ཆེ་བཞེས་གནང་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད། དེ་གཅིག་ཞུ་རྒྱུ་ཡིན།
དེ་ནས་ཐོག་མར་ཚོགས་གཙོ་གཉིས་ཀྱིས་ལས་རིམ་བསྒྲིགས་པ་གཞིར་བཟུང་དཔལ་ལྡན་སྲིད་སྐྱོང་གི་ཐོག་ནས་ཡིན་ནའང་འདྲ། བཀའ་བློན་རྣམ་པའི་ཐོག་ནས་ཡིན་ནའང་འདྲ། དེ་བཞིན་བཀུར་འོས་སྤྱི་འཐུས་རྣམ་པའི་ཆ་ཤས་བཞེས་ཕྱོགས་ཀྱི་ཐོག་ནས་ཡིན་ནའང་འདྲ། དགོངས་ཚུལ་གསུང་རྒྱུ། བསམ་ཚུལ་སྤུངས་རྒྱུ། དེ་དག་གི་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ཚགས་ཚུད་ཡོང་རྒྱུ། ལྷག་པར་བོད་དོན་བདེན་མཐའ་གསལ་ཐབས་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཐུགས་ཕན་གསོ་བའི་རེ་བ་དང་ཡིད་ཆེས་ཞུ་བཞིན་ཡོད། འདིའི་བརྒྱུད་ནས་དཔལ་ལྡན་སྲིད་སྐྱོང་མཆོག་དང་། བཀའ་བློན་རྣམ་པ། བཀུར་འོས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་ཚང་མར་ཚོགས་གཙོ་གཉིས་ཀྱི་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་ནས་ཞན་ཆ་གཅིག་གི་ཐོག་ནས་ཞུས་པ་ཡིན་ན། གྲོས་ཚོགས་ཀྱི་ར་བའི་ནང་དུ་ཆ་ཤས་བཞེས་ཕྱོགས་ཀྱི་སྐོར་ལ། རྩ་བའི་སྤྱི་འཐུས་རྣམ་པ་ཚང་མ་རེད། དཔལ་ལྡན་བཀའ་ཤག་རེད། སྒོ་གསུམ་གྱི་སྤྱོད་ལམ་ཧ་ཅང་ཡག་པོ་གནང་སོང་། དེ་ཚོ་ལ་གང་ཡང་ཞུ་རྒྱུ་མེད། འོན་ཀྱང་ལས་རིམ་རྣམ་གཞག་དེ་ཚོ་ཡོང་བའི་རིགས་གཅིག་གཏམ་དཔེ་འདྲེན་ཡོང་དུས། གཏམ་དཔེ་སྣ་ཚོགས་པ་རེད། གཏམ་དཔེ་ཡག་པོ་དེ་ཚོ་འདིའི་ནང་དུ་འདྲེན་ཐུབ་པ་ཡིན་ན། ལས་རིམ་རྣམ་གཞག་ཡོང་གི་མ་རེད། གཏམ་དཔེ་འདྲེན་སྟངས་ཀྱི་ཐོག་ནས་ལས་རིམ་རྣམ་གཞག་འདོན་བཞིན་པ་དེ་འདྲའང་ཡོང་གི་འདུག དེ་བཞིན་གཏམ་བཤད་ཞུ་ཡོང་དུས་དྲི་བར་ལན་ཡོང་དང་མ་ཡོང། ལན་གྱི་ཐོག་ནས་ཚིག་རྩུབ་པོ་བེད་སྤྱོད་གཏོང་ཡོང་དུས། ཡང་ལས་རིམ་རྣམ་གཞག་དེ་འདྲ་ཡོང་གི་འདུག་པར་བརྟེན་མ་འོངས་པར་ཚང་མས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་གཞིར་བཟུང་ལས་རིམ་རྣམ་གཞག་གི་ཐོག་ནས་ཆ་ཤས་བཞེས་རྒྱུའི་ཐོག་ལ་ཏོག་ཙམ་ཐུགས་སྣང་གནང་དགོས་འདུག དེ་བཞིན་བཙན་བྱོལ་བོད་མིའི་གྲོས་ཚོགས་འདི་ནས་བོད་སྤྱི་པའི་བདེ་དོན་གླེང་རྒྱུའི་སྡིངས་ཆ་ལྟ་བུ་ཆགས་ཀྱི་ཡོད། བོད་སྤྱི་པ་རང་གི་ཆེད་དུ་དོན་དང་ལྡན་པ་ཡོང་ཐུབ་པ་ལ་ཚང་མས་འགན་འཁུར་ཞུ་ཐུབ་དགོས་པ་ང་ཚོའི་ལས་འགན་གལ་ཆེ་ཤོས་དེ་ཆགས་ཡོད། དེ་བཞིན་གྲོས་ཚོགས་ཀྱི་ཆེ་མཐོང་ཡང་དེ་ནས་སླེབ་ཀྱི་ཡོད། བོད་བསྟན་སྲིད་ལ་ཕན་པ་ཡིན་ནའང་དེ་ནས་སླེབ་ཀྱི་ཡོད། ལྷག་པར་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག གོམས་གཤིས་ཚང་མ་འདི་ནས་མར་མེ་ལོང་ལྟ་བུ་ཞིག་ཆགས་ཡོད་སྟབས། དེ་ཚོ་ནས་ང་ཚོས་འགོ་འཛུགས་ཐུབ་པ་ཡིན་ན། ཟླ་བ་འདིའི་ནང་ང་ཚོས་ལས་ཉིན་བཅོ་ལྔའི་རིང་གྲོས་ཚོགས་ཚོགས་ཡོད། ཆོས་ཕྱོགས་ནས་ཞུས་པ་ཡིན་ན་དགེ་བ་རླབས་པོ་ཞིག་བསགས་ཡོད། ཆབ་སྲིད་ཐོག་ནས་ཞུས་པ་ཡིན་ནའང་། ང་ཚོས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་དངོས་གནས་སྐུ་ལས་བསྐྱོན་ཡོད། དེ་ཚོ་ཚང་མ་དོན་དང་ལྡན་པ་ཡོང་ཐུབ་རྒྱུ་ཆགས་ཡོད། མ་འོངས་པར་དེ་འདྲའི་འགན་འཁུར་བཞེས་རོགས་གནང་ཞུ་རྒྱུ་ཡིན།
དེ་བཞིན་གྲོས་ཚོགས་འདི་གྲོལ་བའི་རྗེས་བཀུར་འོས་སྤྱི་འཐུས་རྣམ་པས་ས་བགོས་ཕྱོགས་བསྐྱོད་ལ་ཕེབས་ཀྱི་ཡོད་པ་རེད། ང་ཚོས་ལས་རིམ་བསྒྲིགས་པ་ནང་བཞིན་དབྱར་ཁ་ཕེབས་པ་ཡིན་ན་ཕྱི་ཟླ་ ༤ ནས་འགོ་འཛུགས་རྒྱུ། དགུན་ཁ་ཕེབས་པ་ཡིན་ན་ཕྱི་ཟླ་ ༡༠ ནང་ཕེབས་རྒྱུ། ལོ་རེར་ཐེངས་གཅིག་ཕེབས་རྒྱུའི་ལས་འཆར་བསྒྲིགས་ཡོད་པ་རེད། དེའི་སྐབས་སུ་ཡིན་ནའང་མང་ཚོགས་ཀྱི་ཐོག་ནས་ཆ་ཤས་བཞེས་ཐུབ་དགོས་རྒྱུ། ང་རང་ཚོའི་ངོས་ནས་ཡིན་ནའང་བོད་ནང་གི་གནས་སྟངས་དང་། རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ། གྲོས་ཚོགས་ཀྱི་ལས་རིམ་ངོ་སྤྲོད་ཞུ་རྒྱུ། ཆབ་སྲིད་ཀྱི་གོ་རྟོགས་སྤེལ་རྒྱུ། དེ་བཞིན་ས་གནས་ལ་ཡིན་ནའང་། གཞིས་ཆགས་སྲ་བརྟན་གང་འདྲ་ཡོང་གི་འདུག འཕྲོད་བསྟེན་གྱི་གནས་སྟངས་གང་འདྲ་ཡོང་གི་འདུག ཤེས་ཡོན་གྱི་གནས་སྟངས་གང་འདྲ་ཡོང་གི་འདུག དེ་བཞིན་ཉམ་ཐག་གི་གནས་སྟངས་འདུག་དང་མི་འདུག དེ་ཚོ་ཚང་མར་རྟོག་ཞིབ་གནང་སྟེ་ཡར་སྙན་ཐོ་ཕེབས་ཀྱི་ཡོད་པ་རེད། རྒྱུན་ལས་ཀྱི་ཐོག་ནས་ཕར་འཛིན་སྐྱོང་ལ་ཞབས་སྐུལ་ཞུས་ནས། དེ་ཚོའི་དཀའ་ངལ་སེལ་ཐུབ་པར་འཛིན་སྐྱོང་གི་ངོས་ནས་དགོངས་པ་བཞེས་དགོས་རྒྱུའི་ཞབས་སྐུལ་ཞུ་བཞིན་ཡོད་པར་བརྟེན་མི་མང་རྣམ་པས་ཆ་ཤས་བཞེས་ཕྱོགས་ལ་ཧ་ལས་པའི་གནད་འགག་ཆགས་ཀྱི་འདུག དེར་བརྟེན་སྤྱི་ཚོགས་ཀྱི་གནས་སྟངས་ཚགས་ཚུད་པོ་ཡོང་རྒྱུ་དང་། གང་ལྟར་ཆམས་མཐུན་ཡོང་རྒྱུ་དེ་ཚོ་ཚང་མ་མི་མང་གི་འགན་འཁུར་ཞུ་ཕྱོགས་དང་། དེ་བཞིན་གྲོས་ཚོགས་ཀྱི་འཐུས་མི་རྣམ་པའི་འགན་འཁུར་ཞུ་ཕྱོགས་རེད། དེ་ཚོ་གྲས་གནད་འགག་ཆགས་ཀྱི་འདུག་སྟབས་སོ་སོ་སྒེར་གྱི་ཚོར་བ་ཙམ་མ་ཡིན་པར། བོད་སྤྱི་པ་རང་གི་ཐོག་ལ་བསམ་བློ་བཏང་ནས་ཆ་ཤས་བཞེས་ཐུབ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་འདུག
དེ་ནས་དེ་རིང་འདི་གསར་པ་འདྲ་ཞིག་ཆགས་ཀྱི་ཡོད། ཕྱི་རྒྱལ་སྤྱི་འཐུས་རྣམ་པ་དེའི་སྔོན་དུ་འཚམས་གཟིགས་ཕེབས་རྒྱུའི་ལམ་ལུགས་འདྲ་པོ་དང་། ས་བགོས་ཕྱོགས་བསྐྱོད་འགྲོ་རྒྱུའི་ལམ་ལུགས་དེ་མི་འདུག བར་སྐབས་ཤིག་ནས་ཁོང་རྣམ་པས་དེ་དགོས་ཀྱི་འདུག་ཟེར་ནས་ཡང་ཡང་ཞུ་ཡི་འདུག སྤྱི་འཐུས་རྒྱུན་ལས་ལའང་གོ་བསྡུར་ཞུས་པ་ཡིན། ང་ཚོའི་དཀའ་ངལ་ཆེ་ཤོས་དེ་ག་པར་ཆགས་ཀྱི་ཡོད་རེད་ཅེ་ན། དཔལ་འབྱོར་གྱི་འགྲོ་གྲོན་ཆགས་ཀྱི་ཡོད་དུས་དཔལ་ལྡན་སྲིད་སྐྱོང་མཉམ་དུ་གོ་བསྡུར་ཞུས་པ་ཡིན། གོ་བསྡུར་ཞུས་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལོ་ལྔའི་ནང་ས་གནས་ཚང་མར་ཐེངས་རེར་སྐོར་བསྐྱོད་གནང་ཐུབ་ན་ཞེས་གསུངས་སོང་། དེ་བཞིན་ཉེ་ཆར་ཕྱི་རྒྱལ་སྤྱི་འཐུས་རྣམ་པ་ལྔ་དང་། ཚོགས་གཙོ་ཚོགས་གཞོན་བཅས་ཚོགས་འདུ་ཚོགས་ཡིན། ཁོང་རྣམ་པར་དེ་འདྲའི་ལས་འཆར་བཟོས་ནས་གཏོང་ཤོག་ཞུས་པ་ཡིན། དེའི་རྗེས་འབྲེལ་གྱི་རྒྱུན་ལས་ནང་གོ་བསྡུར་ཞུས་ནས་གཏན་འབེབས་ཡོང་གི་རེད། དེ་བཞིན་སྐུ་ཚབ་དོན་གཅོད་རྣམ་པ་དང་། བོད་རིགས་ཚོགས་པ་ཁག་དེ་ཚོའི་ཐོག་ལ་དགོངས་པ་བཞེས་རྒྱུ་དང་། མཉམ་རུབ་ཀྱིས་ནུས་པ་གང་སྤུང་ཐུབ་པ་ཡིན་ནའང་དེ་རིང་གྲོས་ཚོགས་ཀྱི་སྡིངས་ཆ་འདིའི་བརྒྱུད་ནས་ཞུ་རྒྱུ་ཡིན།
དེ་བཞིན་གྲོས་ཚོགས་ལས་རིམ་སྐྱོང་བའི་སྐབས་སུ་མཐུན་འགྱུར་གནང་མཁན། སྔོན་རྩིས་སྐོར་གཙོ་བོ་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ལས་དོན་དེ་ཚོ་ཆགས་ཀྱི་ཡོད་པ་རེད། ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་དང་། ཚོགས་མི་ལྔས་ཉིན་གྲངས་བཅུ་ལྷག་ཙམ་ཞིབ་ཚགས་པོའི་ཐོག་ནས་ལས་དོན་དེ་སྐྱོང་ཐུབ་ཡོད་པར་བརྟེན་ཚོགས་གཙོ་གཙོས་པའི་ཚོགས་མི་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གཞན་ཡང་བདེ་སྲུང་ལས་ཁུངས་དང་། ཕྱི་དྲིལ་སྒྲ་བརྙན་སྡེ་ཚན། འཕྲོད་བསྟེན་ལས་ཁུངས་བཅས་ནས་ནད་ཡམས་སྔོན་འགོག་བྱེད་རྒྱུ་དང་། གྲོས་ཚོགས་ཀྱི་ལས་རིམ་ཐད་གཏོང་གནང་རྒྱུ། གྲོས་ཚོགས་ཀྱི་བདེ་འཇགས་ཀྱི་ཐོག་ལའང་ཐུགས་སྣང་གནང་རྒྱུ། དེ་བཞིན་དཔལ་འབྱོར་ལས་ཁུངས་ཀྱི་ཐོག་ནས་གཏོང་ལེན་ཁྲིམས་ཡིག་བཟོ་རྒྱུར་མཐུན་འགྱུར་གནང་སོང་བར་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང། ལྷག་པར་ཚོགས་དྲུང་ལས་ཁུངས་ཀྱི་ངོས་ནས། མདང་དགོང་ལྟ་བུ་མཚོན་པ་ཡིན་ན་ཕལ་ཆེར་ཆུ་ཚོད་ ༡༡་་་༡༢ བར་ལྷག་ཡོད། ལས་རིམ་ཆ་ཚང་པར་བརྒྱབ་ནས་བཀྲམ་གནང་ཡོང་དུས་སྐུ་ལས་ཧ་ཅང་སྐྱོན་གནང་སོང་། ཚོགས་དྲུང་དང་། དྲུང་འཕར་གཉིས་ཀྱིས་གཙོས་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་ཚང་མར་ཚོགས་གཙོ་གཉིས་ཀྱི་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་ནས་གྲོས་ཚོགས་འདི་གྲོལ་ནས་ཟླ་བ་དྲུག་རྗེས་བསྐྱར་དུ་འཛོམས་རྒྱུའི་གནས་སྟངས་ཆགས་ཀྱི་ཡོད་པ་རེད། གྲོས་ཚོགས་ཀྱི་ཞབས་བཀྱག་གསར་པ་མངགས་ཡོད། ཞབས་བཀྱག་མགྱོགས་པོ་སླེབ་ཡོང་གི་ཡོད། གྲོས་ཚོགས་ཀྱི་རྣམ་པ་དེ་ཏོག་ཙམ་མི་འདྲ་བ་ཆགས་ཀྱི་རེད། ང་ཚོ་ཟླ་བ་དྲུག་གི་རྗེས་བསྐྱར་དུ་ཚང་མ་སྐུ་གཟུགས་བདེ་ཐང་གི་ཐོག་ནས་མཉམ་འཛོམས་ཡོང་རྒྱུར་སྨོན་འདུན་ཞུ་རྒྱུ་ཡིན།
མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་ལྷུན་གྱི་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ། །