༄༅། །སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༡ རེས་གཟའ་ཟླ་བ་ནས་ཟླ་ ༣ ཚེས་ ༣༡ རེས་གཟའ་ཕུར་བུ་བར་ལས་ཉིན་བཅུའི་ལྷན་ཚོགས་དེ་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཁང་དུ་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཙོས་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་རྣམ་པ་བཅས་ཚང་འཛོམས་ཐོག་གྲོས་ཚོགས་ཚོགས་དུས་གསུམ་པ་དབུ་འཛུགས་ཀྱིས་ཐོག་མར་རྟེན་འབྲེལ་གསོལ་ཇ་དང་། འབྲས་སིལ་ཕུལ་གྲུབ་རྗེས་ཚང་མ་སྐུ་བཞེངས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་སྟེ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གྲོས་ཚོགས་དབུ་འཛུགས་ཀྱི་གསུང་བཤད་གནང་དོན། ལྷར་བཅས་སྲི་ཞིའི་གཙུག་རྒྱན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་ནས་དེ་རིང་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་གསུམ་པའི་ཐོག་ཕེབས་པའི་དཔལ་ལྡན་སྲིད་སྐྱོང་མཆོག་དང་། དཔལ་ལྡན་བཀའ་བློན་རྣམ་པ། དཔལ་ལྡན་ཚོགས་གཞོན་མཆོག་གིས་དབུས་པའི་བཀུར་འོས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་བཅས་ལ་ཚོགས་གཙོས་མཛའ་བརྩེ་ལྡན་པའི་ཐོག་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།ཉིན་གྲངས་གཉིས་ཀྱི་སྔོན་ལ་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་རིམ་བསྐྱངས་ཟིན་ཙམ་རེད། དེའི་ནང་བོད་ནང་གི་ཆབ་སྲིད་གནས་སྟངས་ཐོག་བགྲོ་གླེང་གང་ཙམ་ཤུགས་ཆེན་པོ་བྱུང་ཡོད། ད་ལྟ་ཡིན་ནའང་བོད་ནང་གི་ཛ་དྲག་གནས་སྟངས་མུ་མཐུད་གནས་བཞིན་པ་དང་། ལྷག་པར་བོད་ཀྱི་སྐད་ཡིག་ཐོག་ཉམས་ཆག་ཤུགས་ཆེན་པོ་འགྲོ་བཞིན་པ། དེ་བཞིན་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་སྒྱུར་གྱི་ཡིན་ཞེས་ཆོས་ལུགས་ཐོག་ཧ་ཅང་ཉེན་ཁ་དང་ཛ་དྲག་ཚབས་ཆེ་འགྲོ་བཞིན་པའི་གནས་སྟངས་ཤིག་ལ་ངོས་འཛིན་ཞུ་གི་ཡོད།
དེ་རིང་གྲོས་ཚོགས་ཚོགས་དུས་གསུམ་པའི་ཐོག་ལའང་ལས་རིམ་རིམ་པས་ཕེབས་བཞིན་ཡོད། གཙོ་བོ་ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཆགས་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་ལོ་ ༡༦ ནས་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ནས་ད་བར་བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ཀྱི་རེ་བའི་བློ་དང་མིག་འབུར་གཅིག་ཏུ་གཏོད་ས་ནི་མགོན་པོ་གང་ཉིད་མཆོག་ཆགས་ཡོད། མགོན་པོ་གང་ཉིད་ཀྱི་མཛད་པ་འཕྲིན་ལས་དང་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བཙན་བྱོལ་སྒྲིག་འཛུགས་འདི་ཐོག་མ་ཉིད་ནས་མང་གཙོ་ཅན་དུ་བསྒྱུར་རྒྱུ་དང་། ནམ་རྒྱུན་ཡོངས་གྲགས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོ་གསོལ་རས་གནང་བ་རེད་ཅེས་དུས་རྒྱུན་དུ་ཕྱི་ཟླ་ ༩ ཚེས་ ༠༢ ཉིན་མང་གཙོ་དུས་དྲན་སྲུང་བརྩི་ཞུ་བཞིན་ཡོད།སྤྱིར་མང་གཙོའི་ལམ་ལུགས་ནང་ཐད་ཀའི་མང་གཙོ་དང་སྐུ་ཚབ་ཀྱི་མང་གཙོ་སོགས་བཤད་སྲོལ་ཡོད་པ་རེད། དེ་བཞིན་གྲོས་ཚོགས་ཀྱི་ལམ་ལུགས་དང་སྲིད་འཛིན་གྱི་ལམ་ལུགས་ལྟ་བུར་ངོས་འཛིན་བྱེད་སྟངས་མི་འདྲ་བ་རྒྱལ་སྤྱིའི་མང་གཙོ་འཕེལ་རིམ་ནང་ཆགས་ཡོད། འོན་ཀྱང་ང་ཚོ་སྐྱབས་བཅོལ་བའི་གནས་སྟངས་ཤིག་གི་ཐོག་ནས་དེ་དག་ཚང་མའི་ཐོག་ལེགས་ཆ་བླངས་པའི་ཐོག་ནས་མང་གཙོའི་ལམ་ལུགས་ཤིག་ཆགས་ཡོད་པ་ཕལ་ཆེར་གསལ་པོ་རེད་འདུག དེར་བརྟེན་ང་ཚོའི་མང་གཙོ་དབུ་བརྙེས་ནས་ད་བར་ལོ་ངོ་ ༦༠ ལྷག་ཕྱིན་ཡོད། ལུང་པ་འགའ་ཤས་ཀྱི་མང་གཙོ་གསར་པ་ང་ཚོ་ལས་གཞོན་པ་འདྲ་པོ་ཞིག་ཆགས་ཡོད། མང་གཙོའི་ནང་ལ་ལོ་བཅུ་ཕྲག་དྲུག་ཟེར་དུས་ང་ཚོའི་མང་གཙོ་ནི་གང་ཙམ་རྒན་པ་ཆགས་ཡོད་སྟབས། མང་ཚོགས་ཀྱིས་འོས་བསྡུ་བྱས་པའི་འཐུས་མི་རྣམ་པ་ཡིན་ནའང་མང་གཙོའི་ལྟ་གྲུབ་སེམས་ལ་ངེས་དགོས་པ་ཞིག་དང་། གཞི་རིམ་མང་ཚོགས་ནས་ཀྱང་མང་གཙོའི་ཐོག་བསམ་བློ་དང་བོད་དོན་བདེན་མཐའ་གསལ་ཐབས། བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་ཐབས། གནས་སྐབས་སུ་བོད་ནང་གི་བོད་མི་དེ་དག་དཀའ་ངལ་ལས་སྐྱོབ་ཐུབ་པ། དེ་བཞིན་བོད་ཀྱི་ཁོར་ཡུག་གནས་སྟངས་ཐོག་ཞུ་སྐུལ་སོགས་ཀྱི་ཐོག་གླེང་སློང་ཞུ་ཐུབ་པ་དགོས་རྒྱུ། བཙན་བྱོལ་གྱི་སྤྱི་ཚོགས་འདིའི་ནང་འདྲ་མཉམ་དང་དྲང་བདེན། དཔལ་འབྱོར་གྱི་ཁེ་ཕན་ཡིན་ནའང་སྤྱི་སྙོམས་ཡོང་བར་སྲིད་བྱུས་འཛིན་ཐུབ་དགོས་རྒྱུ་དེ་གཙོ་བོ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་སྐུར་བའི་འགན་དབང་དེ་དག་ཆགས་ཡོད། དེ་དག་གི་ཐོག་ནས་ལག་བསྟར་ཞུ་ཐུབ་དགོས་རྒྱུ་ནི་འདི་ནང་བཞུགས་མཁན་བཀུར་འོས་རྣམ་པ་ཚང་མས་དགོངས་པ་བཅངས་དགོས་རྒྱུ་གལ་ཆེན་པོ་རེད་འདུག་ཅེས་ཞུ་འདོད་བྱུང་།དེ་རིང་གི་ལས་རིམ་ལྟ་བུར་མཚོན་པ་ཡིན་ན། བོད་ཀྱི་ཁོར་ཡུག་ཐོག་ཛ་དྲག་གི་གྲོས་ཆོད་གྲོས་འཆར་ཞིག་འཁྱེར་ཡོད། སྤྱིར་ཕྱི་ལོ་ ༢༠༢༡ ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་ཁོར་ཡུག་ཚོགས་ཆེན་ཐེངས་ ༢༦ དེ་བཞིན་སི་ཀོ་ཊི་ལེན་ཌིའི་ས་གནས་གྷི་ལཱ་སི་གོ་གྲོང་ཁྱེར་དུ་ཚོགས་ཡོད། སྐབས་དེར་ང་ཚོའི་སྒྲིག་འཛུགས་ཀྱི་ཁོར་ཡུག་མི་སྣ་དང་། གཞན་ཡང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཕར་བཅར་ནས་བོད་ཀྱི་ཁོར་ཡུག་གནས་སྟངས་ཐོག་གོ་རྟོགས་གང་ཙམ་སྤེལ་ཐུབ་པ་བྱུང་ཡོད།
དེ་རིང་འདིའི་ཐོག་གྲོས་ཆོད་བསྣམས་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན། ཕྱི་ལོ་ ༢༠༠༨ ནས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གྲོས་ཆོད་རིམ་པ་ཁྱེར་ཡོད། ཉིན་མ་གཉིས་ཀྱི་སྔོན་ལ་གྲོས་ཚོགས་ཚོགས་དུས་གཉིས་ཚོགས་ཟིན་ཙམ་ཡིན་དུས་སྐབས་དེར་གདུང་སེམས་མཉམ་སྐྱེའི་གྲོས་ཆོད་ཐོག་བགྲོ་གླེང་དང་གོ་བསྡུར་གྱིས་ཐོག་ནས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གདུང་སེམས་མཉམ་སྐྱེའི་གྲོས་ཆོད་ཁྱེར་ཟིན་ཙམ་ཡིན་སྟབས། བོད་ནང་གི་ཛ་དྲག་གནས་སྟངས་ཁོར་ཡུག་ཐོག་གྲོས་ཆོད་ཅིག་འཁྱེར་ན་ཞེས་བཀའ་མོལ་བྱུང་བ་ནང་བཞིན་ད་རེས་འདིར་བསྣམས་ཕེབས་པ་རེད།
དེ་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་དམིགས་བསལ་འགན་དབང་བསྐུར་བའི་ལས་འགན་ཞིག་ཆགས་སྟབས། བཀུར་འོས་སྤྱི་འཐུས་རྣམ་པ་དང་འཛིན་སྐྱོང་བཀའ་ཤག་ནས་དེའི་ཐོག་གོ་རྟོགས་ཤུགས་ཆེ་ཙམ་ཞིག་ཡོང་ཐུབ་པ་དང་། དེའི་བརྒྱུད་ནས་གཞི་རིམ་མང་ཚོགས་དང་། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་བོད་ཀྱི་ཁོར་ཡུག་ཐོག་རྒྱལ་སྤྱིའི་ནང་གོ་རྟོགས་དང་ལས་འགུལ་སྤེལ་རྒྱུ་ཤུགས་ཆེ་ཙམ་ཡོང་ཐུབ་པའི་དམིགས་ཡུལ་བཟུང་ནས་དེ་རིང་འདིར་བསྣམས་ཕེབས་པ་ཡིན། དེ་རིང་གི་ལས་རིམ་གལ་ཆེ་བ་གཅིག་ནི་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གི་སྔོན་རྩིས་ཀྱི་གསུང་བཤད་རེད། དེ་བཞིན་ལྷན་ཁང་རེ་རེའི་སྔོན་རྩིས་ཐོག་ལ་བགྲོ་གླེང་དང་། གཏན་འབེབས་གནང་རྒྱུ་དེ་ཚོ་ཡོང་གི་ཡོད་པ་རེད། དེའི་ཐོག་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ཐོག་ནས་ཚོད་དཔག་འཆར་རྩིས་ཚོགས་ཆུང་། ཁོང་རྣམ་པ་མི་འགྲོ་ལྔས་ཉིན་གྲངས་བཅུ་ཕྲག་ལྷག་ཙམ་ཞིག་ཞིབ་ཚགས་པོའི་ཐོག་ནས་འཛིན་སྐྱོང་བཀའ་ཤག་གིས་ལྷན་ཁང་གོ་རིམ་བཞིན་དཔལ་འབྱོར་འཆར་འབུལ་བྱས་པ་དང་། རྒྱབ་གཉེར་བྱས་པ་དེ་ཚོར་ཞིབ་ཚགས་པོའི་ཐོག་ནས་ཞིབ་འཇུག་བྱས་ཡོད། ཞིབ་འཇུག་བྱེད་པའི་སྙན་ཐོ་དེ་གྲོས་ཚོགས་འདིའི་ནང་ཕེབས་ཀྱི་ཡོད།
དེ་ནས་ཁྲིམས་སྒྲིག་བསྐྱར་བཅོས་རིགས་གཅིག་ཡོང་གི་རེད། དེ་ཚོའི་ཐོག་ལའང་དགོངས་པ་བཞེས་ཐུབ་དགོས་རྒྱུ་གལ་ཆེན་པོ་ཞིག་ཆགས་བཞིན་ཡོད། དེ་བཞིན་དཔལ་ལྡན་བཀའ་ཤག་ནས་བཀའ་ཤག་གི་གསལ་བཤད་གཅིག་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་བབ་ཐོག་སྙན་ཐོ་ཞིག་བསྣམ་ཕེབས་ཀྱི་ཡིན་གསུངས་པ་རེད། དེའང་གྲོས་ཚོགས་འདིའི་ནང་ཕེབས་ཀྱི་ཡོད་པ་རེད། དེ་ཚོའི་ཐོག་ལའང་བཀུར་འོས་སྤྱི་འཐུས་རྣམ་པ་ཚང་མས་ཆ་ཤས་བཞེས་ཐུབ་པའི་རེ་བ་ཞུ་བཞིན་ཡོད།
དེ་ནས་ལས་རིམ་ནང་སྤྱི་ཡོངས་ནས་དེ་ཙམ་ཆགས་ཀྱི་འདུག མཚམས་རེ་ལས་རིམ་གསར་པ་དེ་འདྲ་ཡོང་སྲིད་པ་རེད། ད་ལྟ་བར་དུ་བཀུར་འོས་སྤྱི་འཐུས་རྣམ་པའི་ཐོག་ནས་སྐར་རྟགས་ཅན་གྱི་དྲི་བ་དྲིས་ལན་དེ་འདྲ་གཅིག་ཀྱང་བྱུང་མ་སོང་། བསྣམ་ཕེབས་མཁན་འདྲ་ཡོད་ན་སྒྲིག་གཞི་གཞིར་བཟུང་གནང་དགོས་པའི་གནས་སྟངས་ཆགས་བཞིན་ཡོད། དེ་བཞིན་ཐུགས་སྣང་གཞེན་སྐུལ་དང་ གཞུང་འབྲེལ་གྱི་གྲོས་ཆོད་གྲོས་འཆར་རིགས་གཅིག་བསླེབ་ཀྱི་ཡོད་པ་རེད། དེ་ཚོ་རིམ་པས་ལས་རིམ་ནང་བཅུག་ཡོད་དུས་རྣམ་པ་ཚོས་མཁྱེན་གྱི་ཡོད།
ལས་རིམ་ནང་ཆ་ཤས་བཞེས་པའི་སྐབས་སུ་རྩ་བའི་ཁ་སང་ཚོགས་དུས་གཉིས་པའི་སྐབས་སུ་བསྔགས་བརྗོད་ཞུས་པ་ཡིན། དེར་བརྟེན་གང་ལ་གང་འཚམ་ཡག་པོ་བྱུང་བའི་ཚོར་བ་བྱུང་། ད་ལྟ་སྔོན་རྩིས་གྲོས་ཚོགས་འདི་ལྟ་བུ་མཚོན་པ་ཡིན་ན། ལས་ཉིན་བཅུ་འདྲ་པོ་ཆགས་ཀྱི་ཡོད། དེ་ཚོའི་ནང་ཆ་ཤས་བཞེས་མཁན་བཀུར་འོས་སྤྱི་འཐུས་རྣམ་པ་དང་། འཛིན་སྐྱོང་བཀའ་ཤག གང་ལྟར་གཙོ་བོ་སྤྱི་སེམས་དེ་སེམས་ལ་བཅངས་ནས་བསམ་ཚུལ་འདོན་ཐུབ་དགོས་པ། བགྲོ་གླེང་གོ་བསྡུར་ལ་ཆ་ཤས་བཞེས་ཐུབ་དགོས་པ་ཧ་ཅང་གལ་ཆེན་པོ་རེད་འདུག དེ་མ་ཡིན་པར་ཚོར་བ་ཞིག་གི་དབང་དུ་ཕྱིན་པ་ཡིན་ན་གྲོས་ཚོགས་ཀྱི་ལས་རིམ་ལའང་འགལ་རྐྱེན་ཆགས་ཀྱི་འདུག དེ་ནས་སྤྱི་ཚོགས་ནང་དུའང་བརྡབ་གསིག་ཆགས་ཀྱི་འདུག དེ་ཚོའི་ཐོག་གྲོས་ཚོགས་ར་བ་འདི་ནས་དགོངས་པ་བཞེས་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག
དེ་ནས་བཀུར་འོས་སྤྱི་འཐུས་རྣམ་པ་ཡིན་ནའང་ཉེ་ཆར་འཚམས་གཟིགས་ཕེབས་ཚར་ཙམ་རེད། མང་ཚོགས་ཀྱི་ཐུགས་ལ་བསམ་ཚུལ་གང་འདྲ་ཡོད་མེད། རེ་བ་གང་འདྲ་ཡོད་མེད་རྣམ་པ་ཚོས་མཁྱེན་གྱི་ཡོད། དེ་ཚོའི་གྲས་ཆ་ཚང་སེམས་ལ་བཅངས་ནས་ལས་རིམ་གྱི་ཆ་ཤས་བཞེས་རོགས་གནང་།
མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། བོད་དོན་བདེན་མཐའ་གསལ་བ་དང་། ད་རེས་གྲོས་ཚོགས་ཀྱི་ལས་ཉིན་བཅུ་འདི་དོན་དང་ལྡན་པ་ཡོང་བའི་ཚང་མས་ཐུགས་སྨོན་དང་། འགན་འཁུར་བཞེས་རོགས་གནང་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས། ཞེས་གསུང་བཤད་གནང་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་དགུ་པ་དང་བཅུ་དྲུག་གཞིར་བཟུང་ཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་གནང་།།